ལེའུ་བཅུ་དྲུག་པ། དག་པའི་སྣང་བ་དང་བདུད་འཇོམས་པ་པོ།

ངའི་སྣང་ངོར་གུས་པའི་པོ་པོ་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ལ་རྫིག་པོའི་ཁྱད་ཆོས་ལས་ཀྱང་མཛེས་པའི་ཁྱད་ཆོས་མང་བ་མངའ། རྗེ་བླ་མ་ཁོང་དགོངས་པ་མ་རྫོགས་བར་དུ་འགྱིང་ཉམས་དང་ལྡན་ཞིང་། ངའི་མི་ཚེ་ནང་མཐོང་མྱོང་བའི་གཙང་ལ་གྲ་འགྲིག་པའི་ཆ་ལུགས་འཛིན་པ་རྣམས་ལས་གཅིག་ཡིན། ཁོང་གིས་ཉིད་ཀྱི་དབུ་སྐྲ་མཛེས་བཟོ་གནང་བར་ཐུགས་གཟབ་ནན་པོ་གནང་ཞིང་། རྟག་པར་ན་བཟའ་རྣམས་ཀྱང་དབུ་ཏི་བརྒྱབ་ནས་མནབས་པ་མ་ཟད། ན་བཟའི་ཁ་དོག་རྣམས་ཀྱང་ཆ་འགྲིག་པོ་ཞེ་དྲགས་ཡོད། རིན་པོ་ཆེའི་ཡིད་དུ་འོང་བའི་ཉམས་འགྱུར་ལ་བརྟེན་ནས་བུད་མེད་མང་པོ་ཁོང་ལ་སེམས་པ་ཤོར་བ་བདག་གིས་ཐོས་ལ། གཟིམ་ཤག་ཀྱང་ཧ་ལས་པའི་གཙང་མ་ཉར་ཚགས་མཛད། གཅིག་བྱས་ན་གཤམ་གྱི་སྐད་ཆ་འདི་ཕྱོགས་ལྷུང་གྱི་གཏམ་ཞིག་ཡིན་སྲིད་ཀྱང་། ཁོང་ལ་དབུགས་བསག་ནད་གཞི་ཡོད་པས། ངས་བསམས་ན་ཁོང་གི་དབུགས་བྱིན་རྔུབ་གནང་སྐབས་ཀྱི་ཤུར་སྒྲ་དེ་ཡང་ཧ་ཅང་ཉམས་དོད་པ་ཞིག་ཡོད། ༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་དཔེ་ཆ་སྒྱུར་སྟབས་དང་། རྡོ་རྗེ་སྐོར་སྟངས། དེ་བཞིན་ཌ་རུ་དཀྲོལ་ཚུལ་རྣམས་ཤིན་ཏུ་ཡིད་དབང་འཕྲོག་པོ་ཞིག་ཡོད།

རྗེ་བླ་མ་ལ་མངའ་བའི་ཐུན་མོང་མ་ཡིན་པའི་རྒྱན་ཆ་ཞིག་ནི་ཉིད་ཀྱིས་རྟག་ཏུ་མནབ་པའི་ཆུ་ཤེལ་ལས་གྲུབ་པའི་སྤྱན་ཤེལ་ནག་པོ་དེ་རེད། ཁོང་གིས་ཁོ་བོ་གཙོས་པའི་མི་གཞན་ལ་ཡང་ཆུ་ཤེལ་གྱི་མིག་ཤེལ་གྱོན་དགོས་པའི་དགོངས་སྐོར་གསུངས་ཤིང་། བཀའ་སློབ་དེ་ནི་འོས་ཤིང་འཚམ་པ་ཞིག་ཡིན་པས། ༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་གིས་ཁོང་གི་བཀའ་སློབ་དང་དུ་བླངས་ནས་སྐུ་ཚེ་ཧྲིལ་པོར་ཆུ་ཤེལ་གྱི་སྤྱན་ཤེལ་མནབས། ༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་སྤྱན་ཤེལ་དེ་དམིགས་བསལ་ཧོང་ཀོང་ནས་མངགས་ཉོ་མཛད་པས་གཞན་ལ་ཡང་གནས་དེ་ནས་ཉོ་ན་ཡག་པོ་ཡོད་པའི་དགོངས་འཆར་གསུངས། དེས་ན་ཡུན་རིང་པོ་མ་འགོར་བར་གུས་པ་ཧོང་ཀོང་དུ་འགྲོ་ཞོར་ཞིག་ལ་ཚོང་ཁང་དེ་ཉིད་ནས་ཆུ་ཤེལ་གྱི་མིག་ཤེལ་ཞིག་བཟོ་རྒྱུ་མངགས་པ་ཡིན།  འོན་ཀྱང་ཆུ་ཤེལ་གྱི་མིག་ཤེལ་ནི་ཧ་ཅང་ལྗིད་ཁོག་ཆེ་བས་མུ་མཐུད་ནས་གྱོན་རྒྱུའི་ངང་རྒྱུད་རིང་པོ་དེ་ཁོ་བོ་ལ་མི་མངའ།

ངོས་རང་ནམ་ཡང་མོ་ཊ་ལ་དགའ་ཞེན་ཆེ་བའི་མི་ཞིག་མིན། དེ་ལྟར་ན་ཡང་ནམ་ཞིག་ལེན་རོ་ཝར་ཌི་ཕེན་ཌར་ (Land Rover Defender) མཐོང་ཚེ། གུས་པ་ལོ་དྲུག་ཡིན་སྐབས་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་དང་ལྷན་དུ་རྒྱ་གར་ནས་འབྲུག་ཏུ་འགྲུལ་སྐྱོད་བྱེད་པའི་དུས་བཟང་དེ་བློ་ངོར་ཤར་འོང་། མོ་ཊ་འདིས་རྟག་ཏུ་ཁོ་བོའི་རྒྱུད་ལ་ཡོད་པའི་འདས་པའི་བག་ཆགས་མཐུག་པོ་ཞིག་སད་པར་བྱེད། དེར་མ་ཟད། གུས་པའི་སེམས་ཀྱི་བག་ཆགས་ཀྱི་སྟེང་དུ་ཐུན་མིན་གྱི་དྲི་མ་ཞིག་གནས་བཅས་ནས་ཡོད། དབྱིན་ཡུལ་གྱི་རྒྱལ་མོ་ལའང་མོ་ཊ་དེར་དགའ་ཞེན་ཆེན་པོ་ཡོད་པར་མངོན། ༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འབྲུག་ཡུལ་དུ་ཕེབས་པ་དེ་ནི་ཁོ་བོའི་མ་ཕྱོགས་ཀྱི་པོ་པོ་བླ་མ་བསོད་ནམས་བཟང་པོས་སྐུ་མགྲོན་དུ་འབོད་པ་ལ་བརྟེན་ནས་ཕེབས་མཛད་པ་ཞིག་རེད། འགྲུལ་སྐྱོད་འདི་བྱེད་པ་ལ་ཁྱོན་བསྡོམས་ཟླ་བ་འགའ་ཤས་འགོར་བྱུང་། ང་ཚོ་ས་གནས་ཕལ་ཆེར་གོམ་འགྲོས་བྱས་ནས་ཕྱིན་ཀྱང་། སྐབས་འགར་གཉའ་ཁྲིའི་སྟེང་དུ་བཞོན་ནས་ཕྱིན་པས། ༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་སྐྱེས་བུ་བཞིས་ཕྲག་པར་སྟེགས་ནས་ཁུར་ལ་ཁོ་བོ་མི་གཉིས་ཀྱིས་སྟེགས་ནས་ཁྱེར། ང་ཚོ་ས་ཐག་རིང་ཐུང་གང་འཚམ་བར་དུ་ལེན་རོ་ཝར་ཌི་ཕེན་ཌར་ནང་དུ་ཕྱིན་པས། ལམ་བར་ཡོངས་རྫོགས་ལ་ཁོ་བོ་༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་དང་མོ་ཊའི་ཁ་ལོ་བའི་དཀྱིལ་དུ་བསྡད་ཡིན། དུས་ཚོད་དེ་ནི་ཤིན་ཏུ་དྲན་འོས་པ་ཞིག་ཡིན། གང་ཡིན་ཟེར་ན། དེ་ནི་ཁོ་བོ་རང་གི་པོ་པོ་ལགས་དང་ཉེ་བར་གནས་པའི་སྐལ་བཟང་གི་གོ་སྐབས་གཅིག་པུ་དེ་ཡིན། མཚམས་མཚམས་ཁོ་བོ་ཁོང་གི་པང་པའམ་ཕྲག་པར་མགོ་བོ་བསྙལ་ནས་ཉལ་གྱི་ཡོད།

འབྲུག་གི་ས་གྲོང་གང་ནས་འགྲུལ་སྐྱོད་བྱེད་ཀྱང་མི་ཚོགས་རྣམས་རིན་པོ་ཆེ་ཁོང་ཁྱུག་ཙམ་མཇལ་བའི་ཆེད་དུ་སེར་ཕྲེང་བསྒྲིགས་ནས་ཉིན་མང་པོར་སྒུགས་ནས་སྡོད་པར་སྣང་། དེང་སང་གི་བར་ཡང་སྐྱེ་བོ་མང་པོས་ཁོང་གུ་རུ་རིན་པོ་ཆེའི་སྐུ་ཤ་རློན་པ་ཡིན་པར་ཡིད་ཆེས་བྱེད། འགའ་ཤས་འཆི་ལ་ཉེ་བའི་རང་གི་ནང་སྤུན་ཟླ་རྣམས་སོ་སོའི་རྒྱབ་ཏུ་ཁྱེར་ནས་སེར་ཕྲེང་བསྒྲིགས་ནས་སྒུགས། ང་ཚོ་ཡུལ་ལུང་སོ་སོའི་མི་ཚོགས་རྣམས་ཀྱིས་གྲ་སྒྲིག་བྱས་པའི་ཇ་དང། ཆུ། དེ་བཞིན་ཁྱེའུ་སུས་ལ་རོལ་ནས་ས་ཆ་གང་སར་ཡང་ཡང་ངལ་གསོས། གྲོང་གསེབ་ཀྱི་མི་ཚོགས་རྣམས་རིན་པོ་ཆེ་གནས་དེ་ནས་ཆས་མ་ཐག་རིན་པོ་ཆེའི་ཞལ་ཟས་དང་། ཆབ། དེ་བཞིན་གསོལ་ཇ་ལྷག་མ་རྣམས་ལ་ཧབ་ཐོབ་རྒྱག་པའི་ཆེད་དུ་སྒུགས་ནས་བསྡད་ཡོད། རིན་པོ་ཆེའི་ཟས་ལྷག་སོགས་གང་ཡོད་པ་རྣམས་ཚང་མ་ལ་བགོ་བཤའ་བརྒྱབ་སྟེ་ལོ་ནས་ལོའི་བར་གསོག་འཇོག་བྱས་ཤིང་། གསོལ་ཇ་ལྷག་མ་རྣམས་སྒམ་ཆུང་དུ་ཉར་ཚགས་བྱས་ནས་བྱིན་རྟེན་བཟོ་སར་བེད་སྤྱོད་བྱས་པའམ་མར་དང་སྣུམ་གྱི་ནང་དུ་གསེས་ནས་རུས་ཚིགས་ན་སར་བྱུག་གི་ཡོད། ཟས་ལྷག་རྣམས་སྐམ་པོ་བཟོས་ནས་སྨན་རྩྭ་དང་ལྷན་དུ་གསེས་ཏེ་དགོས་ངེས་ཅན་དུ་གྱུར་པ་ན། བདུད་ཀྱི་བར་ཆད་དང་གདོན་འདྲེའི་གནོད་པ་ཟློག་པའི་བདུག་རྫས་སུ་བསྟེན།

༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ཁོང་བདག་གི་མེས་པོ་ཡིན་པས་རྟག་ཏུ་ཁོང་ལ་བརྩེ་བ་དང་། གུས་ཞབས། མོས་གུས་ཡོད་ན་ཡང་། གུས་པས་ཁོང་ལ་ནམ་ཡང་ཐུགས་རྗེ་ལེགས་འབུལ་དང་། ཡི་ཤུའི་འཁྲུངས་སྐར་སྲུང་རྩིས་བྱེད་སྐབས་ཐུག་འཕྲད་བྱེད་སར་འགྲོ་བའི་རྒྱུན་ལྡན་གྱི་པོ་པོ་དཀྱུས་མ་དང་འབྲེལ་འདྲིས་བྱེད་པ་ལྟར་བྱས་ཀྱི་མེད། ཁོང་དང་མཇལ་ཚེ་བདག་གི་སེམས་ནང་ལ་རྟག་ཏུ་བག་ཚའི་ཚོར་བ་ཞིག་རང་བཞིན་གྱིས་སྐྱེས་འོང་། ངས་ཁོང་གི་བརྩམས་ཆོས་དང་། གཞུང་འགྲེལ། མགུར་གླུ། སྙན་ངག སློབ་སྟོན་ཡིག་རིགས་སོགས་ཐེངས་མང་པོ་དད་འདུན་ཆེན་པོའི་ངང་བཀླགས།  ད་ལྟ་ཕྱིར་མིག་ཅིག་བྱས་ནས་བལྟས་སྐབས། ནམ་ཞིག་ང་གཅིག་པུ་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་དང་མཉམ་དུ་ཡོད་སྐབས་ཁོང་གིས་བོད་སྐད་དང་ཧ་ཅང་འདྲ་བའི་པདྨ་བཀོད་པའི་སྐད་དུ་བཀའ་མོལ་གནང་གི་ཡོད། ངས་དྲན་ན་དེ་ནི་ཁོང་གིས་རང་ཉིད་ཁོ་བོའི་པོ་པོ་ཡིན་པའི་སྟོན་སྟངས་ཤིག་ཡིན་སྙམ། དེར་མ་ཟད། གུས་པ་ལོ་མང་པོའི་སྔོན་དུ་༧སྐྱབས་རྗེ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་སྤྲུལ་སྐུར་ངོས་འཛིན་མ་གནང་གོང་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་ངའི་མིང་ལ་མཁྱེན་བརྩེ་ནོར་བུ་ཞེས་བཏགས། འགའ་ཤས་ཀྱིས་ཚོད་དཔག་བྱེད་པ་ལྟར་ན་འདི་ནི་ཁོང་གིས་གུས་པ་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་ཡང་སྲིད་ཡིན་པར་མཁྱེན་ནས་རྟགས་མཚན་གྱི་དོད་དུ་མིང་དེ་བཏགས་པར་བཞེད། ཁོང་གིས་དུས་ཚོད་ཅིག་ལ་མིང་གནང་བའི་སྐབས་སུ་ནོར་བུ་ཞེས་པའི་མིང་ཟུར་དེ་བེད་སྤྱོད་ཤས་ཆེར་མཛད་ཚུལ་ནི། ངའི་པ་ལགས་ཀྱི་མིང་ལ་འཕྲིན་ལས་ནོར་བུ་བཏགས་ཤིང་། ཨ་ཞང་ལ་ཕན་བདེ་ནོར་བུ། དེ་བཞིན་ཨ་ཞང་གཞན་ཞིག་ལ་གཞན་ཕན་ནོར་བུ་བཅས་བཏགས་པ་ལྟ་བུ་རེད།

ངའི་ཨ་མ་ལགས་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་སྲས་དང་ལྷན་དུ་ཆང་ས་བརྒྱབ་པ་ཡིན་ན་ཡང་། ཁོ་མོའི་ཀླད་པར་བདུད་འཇོམས་རིན་པོ་ཆེ་ནི་རང་གི་གྱོས་པོའི་ངོ་བོར་འཛིན་གྱི་མེད་པར་ཁོ་བོས་བདེན་དཔང་བྱས་ཐུབ། ༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ཁོ་མོའི་གྱེས་པོ་ཡིན་པའི་གནས་ཚུལ་དེ་ཁོ་མོའི་ཚིག་མཛོད་དུ་གཏན་ནས་མེད། ཁོ་མོས་རིན་པོ་ཆེ་ལ་རྟག་ཏུ་མངོན་པར་བསྟོད་ཅིང་། རིན་པོ་ཆེ་ཁོང་ནི་སྤྱི་བོར་རམ་སྙིང་གི་ཐད་དུ་སྒོམ་པའི་འཇིག་རྟེན་ལས་འདས་པའི་གང་ཟག་ཞིག་ཏུ་ངོས་འཛིན་བྱས།  ཁོ་མོ་འདས་གྲོངས་སུ་ཕྱིན་པའི་སྐབས་སུའང་ཉིད་ཀྱི་སེམས་ནང་དུ་ཡོད་པའི་ཆོས་མཐའ་མ་དེ་ནི་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ཡིན་པར་ཐེ་ཚོམ་ཅི་ཡང་མེད།

ངའི་ཨ་མ་དང་པ་ལགས།

བདག་གི་ཕ་མ་ལས་ཀྱང་ལྷག་པར་དུས་ཚོད་ཡུན་རིང་པོའི་རིང་རྒྱུན་མ་ཆད་པར་གུས་པ་གསོ་སྐྱོང་གནང་མཁན་ནི་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཁོང་རེད། ཁོ་བོ་ཁོང་གི་སར་ཉིན་གཅིག་གི་ཆུ་ཚོད་ཉི་ཤུ་རྩ་བཞིའི་ནང་ག་དུས་འགྲོ་འགྲོ་རེད། དེ་དང་ཆབས་གཅིག་ཏུ་ཁོ་བོ་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཚ་བོ་ཞིག་ཡིན་པའི་ཆ་ནས་ཁོང་དང་མཇལ་ཁ་བཅར་ས་ལས་སླ་པོར་སྤྲད་ཀྱི་མེད། དོན་ངོ་མར་མི་གཞན་དུ་མ་ཞིག་དང་ཁོ་བོ་རྗེ་བླ་མ་ཁོང་མཇལ་ཁ་བཅར་སར་འགྲོ་བར་དམིགས་བསལ་དམ་དུ་བཏང་ཡོད། ཐེངས་ཤིག་གུས་པ་ཁོང་གི་སྐུ་མདུན་དུ་མཇལ་ཁ་བཅར་དུ་མ་བཅུག་པས་རང་སེམས་ཚལ་པར་གས་ཤིང་ཡིད་སེམས་གཏིང་ནས་སྐྱོ་སོང་། ༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནས་རྒྱུན་དུ་བཀའ་སློབ་གང་གནང་ཞེ་ན། ༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ལས་གུས་པས་དབང་དང་གསང་སྔགས་ཀྱི་ཆོས་སྐོར་མང་པོ་ཞུས་པས་ནམ་ཡང་ཁོང་ལ་སྐྱེ་བོ་ཕལ་པ་ཞིག་གི་ངོ་བོར་མི་ལྟ་བར་འཕགས་པའི་གང་ཟག་ཅིག་གམ་གུ་རུ་རིན་པོ་ཆེ་རུ་ལྟ་དགོས་པར་གསུངས་ཤིང་། དེ་བཞིན་དུ་རིན་པོ་ཆེ་ཁོང་གི་མཁའ་འགྲོ་སྟེ་བདག་གི་རྨོ་མོའི་ངོ་ཚབ་ལའང་དག་སྣང་སྦྱང་དགོས་ཞེས་གསུངས། གཏིང་ཟབ་པའི་ལམ་སྟོན་དེས་ཁོ་བོར་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ལ་མ་དག་པའི་སྣང་བ་ཅུང་ཟད་ཀྱང་སྐྱེ་བ་ལས་བསྐྱབས་པ་མ་ཟད། དུས་ཀྱི་འཕེལ་རིམ་བཞིན་ཁོང་གིས་གནང་བའི་གདམས་ངག་གི་ཆེས་ཟབ་པ་དང་རྒྱ་ཆེ་བའི་དོན་རྣམས་ལ་ཁོ་བོར་ངེས་ཤེས་ལྷག་པོ་ཞིག་དང་མོས་པ་འཕར་མ་ཞིག་འདྲེན།

༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ནི་གུས་ཤིང་བཀུར་བའི་མྱོང་བ་ཐོན་པའི་རྣལ་འབྱོར་པ་ཞིག་ཡིན་པའི་ཁར། བོད་ཀྱི་དབུས་ཕྱོགས་ནས་གནས་ནས་དབྱུང་བའི་རྒྱལ་སྲས་གསུམ་ལས་གཅིག་གི་བརྒྱུད་པ་དེའང་རེད། དེའི་ལོ་རྒྱུས་ནི། དུས་ཡུན་རིང་པོའི་སྔ་རོལ་ན་བོད་དུ་རྒྱལ་པོ་རྣམས་ཐག་པ་ཞིག་གི་བརྒྱུད་ནས་མི་ཡུལ་ནས་ལྷ་ཡུལ་དུ་འདྲེན་པར་གྲགས། འོན་ཀྱང་དུས་ཤིག་རྒྱལ་པོ་ཞིག་རང་གི་བློན་པོ་དང་འཁྲུགས་ནས་བློན་པོས་རྒྱལ་པོ་ལྷ་ཡུལ་དུ་འདྲེན་བྱེད་ཀྱི་ཐག་པ་དེ་བཅད་པས་ཁོང་ལྷ་ཡུལ་དུ་བསྐྱོད་མ་ཐུབ་པར་བློན་པོས་བཀྲོངས། ཁོང་གི་སྲས་གསུམ་ཡུལ་ལུང་གཞན་དུ་སྐྱབས་བཅོལ་དུ་ཕེབས་ཡོད་སྐད། བདུད་འཇོམས་རིན་པོ་ཆེ་ནི་རྒྱལ་སྲས་གསུམ་པོ་ལས་གང་རུང་ཞིག་གི་བརྒྱུད་པ་ཡིན།

མཁྱེན་བརྩེའི་བརྒྱུད་པ་བཞིན་དུ་བདུད་འཇོམས་ཀྱི་བརྒྱུད་པ་ལའང་ཆོས་དང་ཆབ་སྲིད་གང་གི་ཐད་ནས་ཀྱང་གོ་གནས་ཆེན་པོ་དེ་འདྲ་གང་ཡང་མེད་པར་ཤེས་དགོས་པ་གནད་གལ་ཆེན་པོ་རེད། དེས་ན་ད་ལྟའམ་མ་འོངས་པར་མཁྱེན་བརྩེ་དང་བདུད་འཇོམས་ཀྱི་ཡང་སྲིད་སུས་ཀྱང་རང་གི་བརྒྱུད་པའི་གོ་གནས་ལ་རྩོད་ན་དེ་ནི་རྫུན་གཏམ་ཞིག་ཡིན། རབ་ཏུ་བྱུང་བ་ལ་གུས་ཤིང་བཀུར་བའི་བོད་ཀྱི་སྤྱི་ཚོགས་ཀྱི་དབུས་ན་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ལ་མི་སྐྱ་ཞེས་འབོད་ནས་བརྩི་མཐོང་མ་བྱས་པའི་སྒྲུང་གཏམ་མང་པོ་ཡོད། དེ་ལྟར་ན་ཡང་། ཁོང་གི་མཁས་པའི་ཡོན་ཏན་ནི་འགྲན་ཟླ་བྲལ་བས། བོད་ཀྱི་ཆོས་བརྒྱུད་ཁག་གི་ཕྱག་དཔེ་ཕྱོགས་སྒྲིགས་བྱེད་པའི་ཆེད་དུ་ཁོང་ཆེད་དུ་འབོད་ཀྱང་། ཕྱག་དཔེ་རྣམས་ཀྱི་མཛད་བྱང་དུ་ནམ་ཡང་ཁོང་གི་མཚན་གནས་སུ་ “༧སྐྱབས་རྗེ” ཞེས་པའི་མཚན་གནས་དེ་མེད་པ་མ་ཟད། རིན་པོ་ཆེ་ལྟ་བུའི་མཚན་གནས་ཀྱང་མེད། མཛད་བྱང་དུ་མཚན་སྨོས་པ་ན་ཁོང་ལ་པད་བཀོད་བདུད་འཇོམས་སྤྲུལ་སྐུ་ཞེས་བྲིས་ཡོད། པད་བཀོད་ནི་པད་མ་བཀོད་པའི་བསྡུས་མིང་རེད།

རིན་པོ་ཆེ་ཁོང་ལ་སྤྱི་ཚོགས་འགའ་ཤས་ཀྱིས་བརྩི་འཇོག་དེ་ཙམ་བྱེད་ཀྱི་མེད། དེའི་རྒྱུ་མཚན་གྱི་ཆ་ཤས་ཤིག་ནི་ཁོང་ནི་རྟག་ཏུ་ཧ་ཅང་ཐལ་དྲགས་པའི་ལུགས་དང་མི་མཐུན་པའི་ལྟ་བ་འཛིན་མཁན་ཞིག་མིན་ཡང་། རང་གི་བསམ་ཚུལ་ལ་རང་དབང་འཆང་བའི་སྐྱེས་བུ་ཞིག་ཡིན་པས་རེད། ཕྱི་ལོ་ ༡༩༥༠ ང་གྲངས་ནང་དུ་ལྷ་སའི་ཁུལ་གྱི་བསམ་ཡས་སུ་རིན་པོ་ཆེ་མཆོག་ནས་སྔ་འགྱུར་རྙིང་མའི་སྐྱེས་ཆེན་དམ་པ་མང་པོར་དབང་སྐུར་གནང་བཞིན་པའི་སྐབས་དགོན་པ་ནས་ནང་དང་། ནང་ནས་དགོན་པར་ཕེབས་དུས་རྐང་འཁོར་བཏང་ནས་ཕེབས་པར་ཐོས། དེའི་དུས་སུ་བོད་པ་ཚོའི་མིག་སྔར་བླ་མ་ཞིག་གིས་རྐང་འཁོར་བཏང་བ་དང་། སྒོས་སུ་སྤྱི་ཚོགས་ལ་དབང་སྐུར་གནང་ཞིང་གནད་གལ་ཆེ་བའི་བླ་མ་ཞིག་གིས་དེ་ལྟར་མཛད་པ་ནི། ཡི་ཤུའི་བླ་ཆེན་པོཔ་འཇོན་པོལ་ (Pope John Paul) རྒྱན་རྩེ་ཁང་ནང་དུ་རྒྱན་བག་བརྩེས་ནས་སྡོད་པར་མཐོང་བ་དང་གཅིག་མཚུངས་རེད། འོན་ཀྱང་གུས་པས་བསམས་ན། སྤྱི་ཚོགས་ཀྱིས་བརྩི་འཇོག་དང་མཐོང་ཆེན་མི་བྱེད་པ་ནི་ཁོང་ལ་ངེས་པར་མཁོ་བའི་དངོས་པོ་དེ་ཡིན་པ་ཁོ་བོས་ཚོད་དཔག་བྱེད་ཐུབ། གང་ལ་ཞེ་ན། དམན་སར་གནས་ན་དོས་པོའི་ལྕིད་ཆེན་པོ་དང་མཉམ་དུ་འོང་བའི་གོ་གནས་དང་མིང་རྣམས་ལས་ཐར་ཐུབ་པའི་ཕྱིར་་རོ།།

ཁོང་གིས་ང་ལ་བཀའ་བཀྱོན་བཏང་བ་ལྟ་ཞོག་ནམ་ཡང་གསུང་སྐད་ཆེན་པོ་བསྐྱོན་ནས་ཀྱང་བཀའ་མོལ་གནང་མ་མྱོང་། དུས་སྐབས་འགའ་ཞིག་ཁོ་ནར་གྱོན་ཆས་རྣམས་ཡག་པོ་བྱས་ནས་གོན་དགོས་པའི་སྐོར་ལ་བཀའ་སློབ་གནང་བའང་། ཁོ་བོས་རྒྱུན་དུ་གྱོན་ཆས་རྣམས་ཡག་པོ་གཏན་ནས་མེད་པར་ལ་གེ་ལུ་གེ་གྱོན་གྱི་ཡོད་པས་རེད། རིན་པོ་ཆེས་ཐེངས་ཤིག་བདག་ལ་བཀའ་བཀྱོན་བཏང་གྲབས་བྱས་པ་ནི། ཁོང་གིས་དབང་གནང་བཞིན་པའི་སྐབས་སུ་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་དབུ་ལ་བདག་གི་ལག་པས་བརྙབ་པར་བརྩམས་པ་ན། ཆེ་བ་ལ་གུས་ཞབས་བྱོས་ཞེས་གསུངས་པ་དེ་རེད། འོན་ཀྱང་དེ་ནི་ཤིན་ཏུ་འཇམ་ཞིང་ཞི་བའི་ངང་ཚུལ་དང་བཅས་པར་གསུངས་པས། ཁོང་གི་འཇམ་ཞིང་ཞི་བའི་ངང་ཚུལ་དེ་ནི་ཤིན་ཏུ་བརྗིད་ཆགས་པའི་ཉམས་འགྱུར་དང་བཅས་པས་ལོ་ངོ་འདི་དག་ཐམས་ཅད་དུ་མ་བརྗེད་པར་ང་དང་ལྷན་དུ་གནས་ཡོད།

འདོད་བློ་མ་ཁེངས་པའི་སྐྱེས་བུ་མང་པོ་ཞིག་གི་གུས་པའི་མེས་མོའི་ངོ་ཚབ་སྟེ་རིན་པོ་ཆེ་ཁོང་གི་གསང་ཡུམ་གྱིས་རིན་པོ་ཆེ་ལ་ཧ་ཅང་བདག་དབང་བྱས་ནས་རིན་པོ་ཆེ་འཇལ་ཁ་མི་གནང་བའི་སྐོར་གླེང་ནས་ཁོ་མོ་ལ་སྐྱོན་བརྗོད་བྱས། གོ་ཐོས་ལ་ནམ་ཞིག་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ཁོང་ངའི་རྨོ་མོ་དང་ཁ་བྲལ་ནས་རྨོ་མོའི་ངོ་ཚབ་དང་ལྷན་དུ་བཞུགས་རྒྱུ་ཐུགས་ཐག་བཅད་པ་ན། མི་མང་པོ་ཞིག་མ་དགའ་བར་གྱུར་ཅིང་། སྒོས་སུ་ཁོ་བོའི་པ་ལགས་ཡིད་ཧ་ཅང་མ་བདེ་བར་གྱུར་ཡོད་པར་གྲགས། ༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་ཤིན་ཏུ་མཛའ་བརྩེ་ལྡན་པའི་བཀའ་སློབ་སེམས་ལ་འཆང་ནས་གུས་པས་རྨོ་མོའི་ངོ་ཚབ་ལ་ཡང་དག་སྣང་སྦྱང་བའི་ཐབས་ཤེས་སྣ་ཚོགས་བྱས། ད་ལྟ་ཕྱིར་མིག་ཅིག་བྱས་ནས་བལྟས་ན། ཁོ་མོས་རིན་པོ་ཆེའི་ཉེ་འཁོར་དུ་ར་བ་དམ་པོ་བཙུགས་པ་ནི་དགོས་ངེས་པའི་ཆོས་སུ་གནང་། མི་ཚོགས་རྣམས་ཁོང་ལས་རྒྱང་ཐག་རིང་པོ་བཞག་དགོས་པའི་རྒྱུ་མཚན་གཅིག་ནི། ང་ཚོའི་སྤྱི་ཚོགས་ནང་རིན་པོ་ཆེའི་བློ་སྣ་འགུག་ཐབས་ཁོ་ན་ལ་བརྩོན་པའི་སྐྱེས་བུ་ཤིན་ཏུ་མང་པོ་རེད།   ངའི་རྨོ་མོའི་ངོ་ཚབ་ལགས་ཀྱིས་རྒྱུན་དུ་རིན་པོ་ཆེའི་ཞབས་ཞུ་ཧ་ཅང་ལེགས་པོ་བསྒྲུབས་ཡོད་ལ། ལྷག་པར་དུ་ཁོང་གི་སྐུ་ཚེ་སྨད་ཀྱི་དུས་སུ་ཐུགས་ཁུར་ནན་པོས་འགན་ཁུར་ཆ་ཚང་བཞེས་ཡོད།

༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ཕཱ་རན་སིར་ (France) དགོངས་པ་མ་རྫོགས་བར་གུས་པ་ཁོ་མོ་དང་མཉམ་དུ་འབྲེལ་འདྲིས་ཆེར་མེད། ཁོ་མོ་འདས་གྲོངས་སུ་མ་ཕྱིན་གོང་ཐེངས་ཤིག་འབྲུག་ཏུ་ཕེབས་སོང་། དེ་སྐབས་བདག་གིས་དུས་ཚོད་དམ་འཛིན་བྱས་ནས་པ་རོ་ལ་ཡོད་པའི་ཁྱིམ་དུ་སྐུ་མགྲོན་དུ་འབོད་པ་བཞིན་ཁོ་མོས་ཀྱང་གུས་འདུད་དང་བཅས་མགྲོན་དུ་ཕེབས་རྒྱུར་དང་ལེན་གནང་། དེ་སྐབས་གུང་ཚིགས་ཤིག་གི་དུས་སུ་ཁོ་མོས་བདག་ལ་བྱེད་བཟོ་དོད་པའི་བུད་མེད་ཀྱི་ཉི་འོད་འགོག་པའི་མིག་ཤེལ་ནག་པོ་ཞིག་གནང་སོང་།

ངའི་རེ་བར་གུས་པ་སྤྱང་གྲུང་འཛོམས་ཤིང་ཐབས་ལ་མཁས་པའི་སྒོ་ནས་ཌི་ཕེན་ཌར་ (Defender) རྙིང་པ་དང་། ཆུ་ཤེལ་གྱི་མིག་ཤེལ། དེ་བཞིན་བུད་མེད་ཀྱི་མིག་ཤེལ་བཅས་ཀྱི་བཞོན་པ་ལ་བརྟེན་ནས་བདག་གི་བླ་མ་དྲན་ཅིང་། དེའི་སྟོབས་ཀྱིས་ཆོས་དང་། དེའི་སྟོབས་ཀྱི་རང་སེམས་རྗེན་པ་མཐོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

 

0 Comments

Submit a Comment

Your email address will not be published. Required fields are marked *