ལེའུ་བཅོ་ལྔ་པ། སེམས་པ་ཤོར་བ།

ཐལ་དྲགས་པའི་ཞེན་ཆགས་དང་། ཕྱོགས་ལྷུང་གི་དགའ་ཞེན་གྱི་སེམས་ཚོར་རྣམས་ཡག་པོ་ཡིན་སྲིད་མོད། འོན་ཀྱང་དེ་ནི་གང་ཟག་གང་གིས་ཡུལ་གང་ལ་དགའ་ཞིང་ཞེན་པ་ལ་རག་ལས། གལ་ཏེ་ཁྱེད་རང་རྒྱལ་སྲས་གཞོན་ནུ་དོན་གྲུབ་ལྟ་བུ་ལ་ཤིན་ཏུ་དགའ་ཞིང་ཆགས་ན། ཁྱེད་ནི་བསོད་བདེ་ཅན་ཞིག་རེད་ལ། འཕགས་པའི་གང་ཟག་དེ་ལྟ་བུ་ལ་སེམས་ཚོར་འདི་འདྲ་ཡོད་པ་ནི་ཁྱེད་ལ་ཡུལ་འཇལ་བར་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་མ་ཟད། ཁོང་དང་ཁྱེད་གཉིས་བར་ལ་ལས་འབྲས་ཀྱི་འབྲེལ་བ་ཟབ་མོ་ཞིག་ཀྱང་ཡོད་པར་མཚོན།

འུ་ཅག་བསོད་བདེ་ཤིན་ཏུ་དམན་པའི་མི་རྣམས་ལ་ཞེན་ཅིང་ཆགས་པའི་རྒྱུ་མཚན་ནི། ཕན་ཚུན་དབར་གྱི་ལས་ཀྱི་འབྲེལ་བ་ལ་བརྟེན་ནས་རེད། ངེད་ཅག་ཕལ་ཆེར་སྐྱེས་བུ་གང་གིས་རང་ཉིད་གཏན་ནས་འཇིག་པར་བྱེད་པ་དག་ལ་སེམས་པ་ཆགས་ཏེ། དེ་ཡང་དཔེར་ན་དུག་སྦྲང་རྣམས་སྲིན་འབུ་གསོད་བྱེད་ཀྱི་གློག་ཆས་སྟེང་དུ་མཆོང་བ་བཞིན་དུ་ང་ཚོ་ཡང་བསོད་བདེ་དམན་པའི་སྐྱེས་བུ་རྣམས་ལ་སེམས་པ་རང་དབང་མེད་པ་ཤོར་ནས་ཞེན་ཅིང་ཆགས། སྐབས་འགར་ང་ཚོ་ལམ་ཡག་པོ་ལ་འཁྲིད་མཁན་གྱི་མི་ལ་སེམས་ཆགས་ཤིང་། མཚམས་མཚམས་གནས་སྟངས་སྡུག་ཆགས་མ་ཡིན་པ་སྟེ། ང་ཚོ་འཇིག་པར་བྱེད་པ་དང་། ལམ་ཡག་པོ་ལ་འཁྲིད་པའི་བྱ་བ་གཉིས་ཀ་བྱེད་པའི་མི་ལ་ཞེན་ཅིང་ཆགས་ལ། ཡང་སྐབས་འགར་རང་ཉིད་གཞན་གྱི་དགའ་ཞེན་ཀྱི་ཡུལ་དུ་གྱུར་ནས་ཆེད་དུ་མི་བསམ་བཞིན་དུ་གཞན་འཇིག་པར་བྱེད་སྲིད་ཅིང་། ཡང་ན་ལེགས་པའི་ལམ་ལའང་འཁྲིད་སྲིད།

ངའི་མི་ཚེ་ནང་གཞན་ལ་སེམས་པ་ཤོར་བ་ནི་དཔེ་མེད་མང་པོ་རེད། མི་ཕལ་མོ་ཆེ་ནང་བཞིན་གུས་པ་ཡང་རྒྱུན་དུ་རང་གིས་ཐུག་འཕྲད་མ་མྱོང་བའི་སྙན་གྲགས་ཅན་གྱི་སྐྱེས་བུ་སྟེ་རང་གི་ཚད་ལས་བརྒལ་ནས་བརྙབ་མི་ཐུབ་པའི་སྐྱེས་བུ་རྣམས་ལ་སེམས་པ་ཤོར། དཔེར་ན་གོང་དུ་གུས་པ་རིན་པོ་ཆེའི་ཨ་མ་ཞིག་ལ་སེམས་པ་ཤོར་བ་འགྲེལ་བརྗོད་བྱས་པ་ནང་བཞིན་རེད། དེ་དག་ནི་སོ་སོའི་ལས་ཀྱི་འབྲས་བུ་ཞིག་ཡིན། གོ་ལྡོག་པ་ཞིག་ལ་གུས་པས་བུད་མེད་ལ་སེམས་པ་ཤོར་བ་དེ་གཞན་ཕལ་ཆེར་ལས་གྲངས་འབོར་ཆེ་བར་སྙམ་སྟེ། དེའི་རྒྱུ་མཚན་ཡང་། རྒྱུན་དུ་ངོས་རང་གཞན་ལ་སེམས་ཤོར་བ་ལ་བཀག་སྡོམ་བྱས་པའི་རྒྱུ་མཚན་གྱིས་རེད། ང་ནི་མི་གཞན་ལས་ལྷག་པའི་བླ་མ་ཞིག་དང་། ཡང་སྲིད། དེ་བཞིན་སྤྲུལ་སྐུ་ཞིག་ཡིན་ཁུལ་རེད། ངོས་ཀྱི་ཉེ་འཁོར་ན་གནས་པའི་སྐྱེས་བུ་རྣམས་ཀྱིས་ཀྱང་ཕྲན་རང་རྟག་ཏུ་རྣམ་གཡེང་དང་བར་ཆད་ལས་སྐྱོབ་པར་འདོད་ཅིང་། ཁོང་ཚོས་བསམ་པར་གུས་པ་བུད་མེད་ལ་སེམས་པ་ཤོར་བ་ལས་སྲུང་བའི་ལས་འགན་དེ་ཁོང་ཚོར་ཡོད་པར་སྙམ་ཞིང་། བདག་གིས་བུད་མེད་རྣམས་ཆོས་ཀྱི་བར་ཆད་དང་བར་ཆད་དེའི་རྒྱུ་ཆེ་ཤོས་ཡིན་པར་ཤེས་རྟོགས་བྱུང་ན་སྙམ་སྟེ་དེ་ལྟར་བྱུང་བ་ལ་ཁོང་ཚོས་བརྩོན་པ་ཆེས་ཆེར་བསྐྱེད། བདག་གིས་བསམས་ན་ང་ཚོ་མིའི་སེམས་ནི་བྱ་བ་གང་བྱེད་མི་ཆོག་པ་དེ་བྱེད་དགོས་པའི་སྣང་བ་ཤར་མཁན་ཞིག་རེད་འདུག གང་ཡིན་ཟེར་ན། ཐབས་ཤེས་དེ་ཚོ་གང་གིས་ཀྱང་ངོས་རང་གནས་སྟངས་དེ་དག་ལས་བསྐྱབས་མ་ནུས་པའི་ཁར། བདག་ལ་རྟག་ཏུ་བུད་མེད་དང་བརྩེ་དུང་སྐོར་ལ་ཤེས་འདོད་ཆེས་ཆེར་སྐྱེས་དུ་བཅུག མདོར་ན་བཟར་མི་བཏུབ་པའི་ཤིང་ཏོག་ནི་ཆེས་ཞིམ་པར་སྣང་བ་ལྟ་བུ་རེད།

ངའི་དགེ་རྒན་གྱིས་བདག་ལ་བུད་མེད་ཀྱི་སྐོར་ལ་གནས་ཚུལ་དང་གཏན་ནས་མི་མཐུན་པའི་གོ་རྟོགས་ཤིག་བྱིན་བྱུང་ལ། དགེ་རྒན་ཕལ་ཆེར་གྱིས་བུད་མེད་ལ་མ་ཉེས་ཁ་གཡོགས་བྱས་ཤིང་མི་ངན་གྱི་ཚོན་རྩིས་ཀྱང་བྱུག སྒོས་སུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་དགེ་རྒན་རྣམས་ཀྱིས་གོ་རྟོགས་དེ་ལྟར་སྤེལ། ཁོང་རྣམས་དོ་བདག་སོ་སོའི་ངོས་ནས་ཀྱང་ཆགས་པ་དང་། ཕོ་མོའི་བརྩེ་དུང་གི་རྣམ་གཡེང་གི་ར་བར་མ་ཚུད་པའི་ཐབས་ཤེས་གང་ཡོད་གནང་སྟེ་རང་གི་མི་ཚེ་བསྐྱལ་ཡོད་སྟབས། དཔེར་ན་ཤ་མི་བཟའ་མཁན་ཞིག་གིས་ཤ་མེད་རིང་ལུགས་སྤེལ་ཐབས་བྱེད་པ་ལྟར། ཁོང་རྣམས་ཀྱིས་ཀྱང་རང་བཞིན་ལྷན་སྐྱེས་ཀྱིས་རང་གི་གོམས་གཤིས་དེ་ཉིད་གཞན་ལ་བསླབ་པར་བརྩོན། དེ་ནི་ཁོང་རྣམས་ཀྱི་གོམས་གཤིས་རེད་ལ། ཁོང་ཚོའི་རྒྱུན་གྱི་བྱ་གཞག་ཀྱང་རེད། གལ་ཏེ་ཁོ་བོ་བུད་མེད་རྟེན་ཅན་གྱི་རིན་པོ་ཆེ་ཞིག་ཡིན་ན། ཁོང་རྣམས་ཀྱིས་དགེ་ཚུལ་མ་དང་དགེ་སློང་མས་སྐྱེས་པ་ཚོར་ཇི་ལྟར་ལྟ་དགོས་པ་བཞིན་དུ་བདག་ལའང་སྐྱེས་པ་རྣམས་རྣམ་གཡེང་གི་ཡུལ་དུ་གྱུར་པ་བསླབས་ཡོད་སྲིད། ཕྱོགས་གཞན་ཞིག་ན། ངའི་དགེ་རྒན་སྔགས་འཆང་བ་ཁ་ཅིག་གིས་བུད་མེད་ལ་བརྙས་པ་ནི་ཉེས་པ་ཡིན་པར་བསླབས། ངའི་དགེ་རྒན་རྣལ་འབྱོར་པ་བླ་མ་ཀུན་དགའ་སྟེ་བླ་མ་གངས་ཤར་གྱི་དགེ་ཕྲུག་ཡིན་པ་ཁོང་གིས་བུད་མེད་ཀྱི་སྐྲ་ཉག་མ་གཅིག་ལ་ཡང་མཁའ་འགྲོ་མ་དུང་ཕྱུར་མང་པོའི་གྲོང་ཁྱེར་ཡོད་སྐོར་བཤད་པ་ད་དུང་ཡང་དྲན།

འཛམ་གླིང་སྤྱི་དང་ལྷག་པར་ཨེ་ཤི་ཡའི་རིག་གཞུང་ནང་དུ་བུད་མེད་ལ་དམན་པར་ལྟ་བའི་འཁྱེར་སོ་ཞིག་ཡོད་པར་སྣང་ལ། དེང་སང་ཡང་འབྲུག་ལྟ་བུའི་ས་ཆ་འགའ་ཞིག་ཏུ་ཡོད་པའི་དགོན་པ་ཁག་ཅིག་ཏུ་བུད་མེད་རྣམས་མགོན་ཁང་དུ་འགྲོ་མི་ཆོག་པར་སྒོ་ཡོལ་གྱིས་བཅད་ནས་ཡོད། ཕྱོགས་གཅིག་ནས་དགོན་པ་ནི་བུའི་སྡོད་ཁང་ལྟ་བུར་གྱུར་པས་བུད་མེད་རྣམས་དགོན་པར་གནས་མི་ཆོག་པ་ནི་བསམ་གཞིག་ཐུབ་པ་ཞིག་ཡིན་མོད། འོན་ཀྱང་གནས་ལུགས་དང་ལྡོག་ཕྱོགས་སུ་གྱུར་པ་ནི། མཆོད་ཁང་གང་གི་ནང་དུ་བུད་མེད་ཀྱི་གཙོ་མོ་དཔལ་ལྡན་ལྷ་མོ་རྟེན་གྱི་གཙོ་བོ་རུ་བཞག་ནས་གནས་དེར་བུད་མེད་འགྲོར་མི་བཅུག་པར་བཀག་སྡོམ་བྱེད་པ་དེ་རེད། ངས་གཞིགས་ན་འདི་ནི་དམ་ཆོས་ལ་ཉེས་པའི་དྲི་མས་བགོས་པར་བྱེད་པའི་ལམ་ལུགས་ཤིག་རེད་སྙམ།

ངའི་དགེ་རྒན་རྣམས་ཀྱིས་ནུབ་ཕྱོགས་པའི་བུད་མེད་རྣམས་ལ་ “དབྱིན་ཇིའི་བུ་མོ” ཞེས་འབོད་ཅིང་། ཁོང་ཚོ་ལ་ལྷག་པར་དུ་དོགས་ཟོན་བྱས། རྒན་ལགས་ཚོར་དབུ་སྐྲ་ཡངས་ཤིང་འཇམ་པ་དང་། སྤྱན་ཟུང་མཁའ་ལྟར་སྔོ་ལ། ཤ་མདོག་གཙང་ཞིང་དྭངས་པའི་རང་གི་ལུས་པོ་གཞན་ལ་ངོམ་པའི་བུད་མེད་རྣམས་ཀྱི་གཤིས་སྤྱོད་རྣམས་རང་གི་ལམ་ལུགས་དང་ཤིན་ཏུ་འབྲེལ་ཐབས་དཀའ་བར་གྱུར་ནས་ཅི་བྱར་མེད་པར་ལུས། བླ་མ་ཁོང་ཚོས་མལ་གཟན་ལྟ་བུའི་ཕྱུ་པ་གོན་ཏེ་མིག་སར་ཕབ་ཅིང་ངོ་ཚ་ཆེ་བའི་བོད་ཀྱི་བུད་མེད་རྣམས་མཐོང་མྱོང་ཡོད། ནུབ་ཕྱོགས་པའི་བུད་མེད་རྣམས་ཀྱིས་གྱོན་པའི་སྨད་གོས་རིང་པོ་རྣམས་ཀྱང་ཆགས་པ་བླང་བའི་རྒྱུ་རུ་ངོས་འཛིན་བྱེད་སྲིད། གཙོ་བོ་གཅིག་ནི་ཁོང་ཚོའི་ལུས་ཀྱི་རྣམ་འགྱུར་དེ་རེད། ནུབ་ཕྱོགས་པའི་ལུགས་སྲོལ་ལ་མིག་ཐད་ཀར་ལྟ་རྒྱུ་དེ་གུས་ཞབས་ཀྱི་རྣམ་པ་མཚོན་ཀྱང་། བླ་མ་རྣམས་ཀྱི་མིག་སྔར་ནི་བུད་མེད་དེ་དག་ཉེན་ཁ་ཆེ་བའི་རང་བཞིན་ཡིན་པས་ཁོ་བོ་ལ་ཉེན་བརྡ་གཏང་རྒྱུ་ནམ་ཡང་རྒྱུན་མ་ཆད། ཁོང་ཚོ་ལ་སྤྲུལ་སྐུ་རྣམས་དབྱིན་ཇིའི་བུ་མོ་རྣམས་ཀྱིས་འཕྲོ་བརླག་བཏང་གི་ཡོད་པའི་ཡིད་ཆེས་གཙང་མ་ཡོད། འོན་ཀྱང་རྣམ་གྲངས་རེའུ་མིག་ལྟར་ན་གནས་ཚུལ་དེ་བདེན་པ་ག་ལ་ཡིན། སྤྲུལ་སྐུ་རྣམས་ནུབ་ཕྱོགས་པའི་བུད་མེད་ལས་ཀྱང་ཨེ་ཤི་ཡའི་བུ་མོ་དང་མཉམ་དུ་བྲོས་བྱོལ་མང་བ་ཕྱིན་ཡོད། ཡིན་ན་ཡང་ང་ཚོའི་སྤྱི་ཚོགས་ནང་འུར་དེ་འདྲ་ཕོག་ཡོད།

ཆགས་པ་དང་བུད་མེད་གཉིས་ནི་སྤང་བར་བྱ་བ་ཞིག་ཡིན་པ་ཡོངས་སུ་གྲགས་པས། དེ་དག་ལ་ངོས་རང་དོ་སྣང་ཙམ་ཡང་མེད་མདོག་མདོག་བྱེད་པའི་ཚུལ་འཆོས་ཇི་ལྟར་བྱ་དགོས་མིན་སྦྱང་དགོས་བྱུང་། གུས་པས་རང་ཉིད་གཞན་དང་མི་འདྲ་བ་ཞིག་ཡིན་པར་སྟོན་སྟངས་ཀྱང་སྦྱངས་པ་ཡིན། ནམ་ཞིག་ཕྱི་རུ་འགྲོ་བའི་སྐབས་ངོས་རང་གཞན་གྱི་ལྟ་སྲུང་དམ་པོའི་འོག་ཏུ་འགྲོ་ཡི་ཡོད་ཅིང་། རང་ངོས་ནས་ཀྱང་བུད་མེད་རྣམས་ཉེ་སར་སླེབས་སྐབས་ཁོང་ཚོ་ལ་དོ་སྣང་ཙམ་ཡང་མེད་མདོག་གང་ཐུབ་བྱས་ཀྱང་། གྲྭ་པ་རྒན་པ་དང་ངའི་དགེ་རྒན་རྣམས་ཀྱིས་གུས་པས་ལྐོག་ནས་བུད་མེད་རྣམས་ལ་མིག་ཟུར་ལྟ་ཡི་ཡོད་སྐོར་གླེང་ནས་བརྙས་རྐོ། ཕྲུ་གུ་ཆུང་ཆུང་ཞིག་ལ་ཆ་བཞག་ན་བུད་མེད་དང་འབྲེལ་བའི་གཏམ་བཤད་རྒྱུར་ངོ་ཚ་པོ་ཡོད།

གུས་པས་གཞིགས་ན། སྤྲུལ་སྐུ་ན་གཞོན་གྱི་ཡོངས་འཛིན་དང་སློབ་སྟོན་པ་རྣམས་ཀྱི་སྤྲུལ་སྐུ་གཞོན་པ་ཚོར་འཁྲིག་སྦྱོར་གྱི་སློབ་སྦྱོང་དང་། ཕོ་མོ་དབྱེ་འབྱེད་ཀྱི་དཀའ་རྙོག་ཐད་སློབ་སྦྱོང་སྤྲད་ན་ཕན་ཐོགས་ཆེ་སྙམ། ཁོང་རྣམས་ཀྱིས་བུད་མེད་རྣམས་ལམ་གྱི་བར་ཆད་ཡིན་སྐོར་བཤད་ཞོར་དུ་བུད་མེད་རྣམས་ལ་གུས་ཞབས་བྱེད་དགོས་པའི་སྐོར་དང་། བུད་མེད་ལའང་ཚུལ་དང་མཐུན་པའི་སྒོ་ནས་སྐད་ཆ་བཤད་དགོས་སྐོར་བསླབ་ན་ཆོག་སྙམ། སློབ་སྦྱོང་འདི་འདྲའི་རིགས་རྣམས་སྤྲུལ་སྐུའི་སློབ་སྦྱོང་གི་བརྒྱུད་རིམ་ནང་དུ་གཏན་ནས་མེད།

བུད་མེད་ཀྱི་རྗེས་སུ་ཆེས་བསྟེན་མི་རུང་བའི་སྤྱོད་པ་གཉིས་པ་ཞིག་ནི་གློག་བརྙན་ལྟ་རྒྱུ་དེ་རེད། ཁོ་བོས་ཕྱིར་བལྟས་བྱས་པ་ན། དགེ་རྒན་རྣམས་ཀྱིས་ཅིའི་ཕྱིར་གློག་བརྙན་ལྟ་བར་དོགས་ཟོན་ཆེན་པོ་བྱས་པར་ངས་བསམ་ཤེས་ཐུབ་ཀྱི་འདུག སྒོས་སུ་རྒྱ་གར་གྱི་གློག་བརྙན་རྣམས་ནི་ཕལ་ཆེར་བརྩེ་དུང་གི་རྣམ་པ་ཕྱིར་བསྟན་པའི་སྒྲུང་དང་གླུ་གཞས་ཀྱིས་ཁེངས་པས། དེ་དག་གིས་གྲྭ་པ་དང་རིན་པོ་ཆེ་ན་གཞོན་ཚོའི་བསམ་བློའི་ནང་དུ་ཆགས་པའི་ས་བོན་འདེབས་ངེས་པས་རེད། གྲྭ་རྒན་དེ་དག་ཕལ་ཆེར་གྱིས་ཕོ་མོས་གླུ་གར་འཁྲབ་པ་དང་། བརྩེ་དུང་གིས་འཐམ་འཁྱུད་བྱེད་པའི་རྣམ་པ་ནམ་ཞིག་རང་ཉིད་གློག་བརྙན་བལྟ་སར་མ་ཕྱིན་བར་དུ་མཐོང་མྱོང་མེད། དེང་སང་ཡང་རྒྱ་གར་གྱི་གློག་བརྙན་ཕལ་ཆེར་ནང་དུ་ཆགས་སྤྱོད་རྗེན་པ་གཞན་ནི་ལྟ་ཅི་སྨོས་འོ་ཙམ་ཡང་མི་བྱེད། གང་ཡིན་ཟེར་ན་སྤྱོད་པ་དེ་དག་ནི་ཚད་ལས་བརྒལ་བའི་བག་མེད་ཀྱི་སྤྱོད་པར་ངོས་འཛིན་བྱེད། སྤྲུལ་སྐུ་དང་། གྲྭ་པ། དེ་བཞིན་རིན་པོ་ཆེ་དུ་མ་ཡིད་དུ་འོང་བའི་རྣམ་པ་དེ་དག་གིས་ལས་སླ་པོའི་ངང་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེར་མ་ཟད། ཁོང་ཚོས་རང་གི་དགའ་རོགས་དང་མཉམ་དུ་གླུ་གར་འཁྲབ་བཞིན་ལྡུམ་རྭའི་གཡས་གཡོན་ནས་ཕར་སྐོར་ཚུར་སྐོར་བྱེད་པའི་འཆར་སྣང་ཡང་སྤྲོ་ནུས། ཡིན་དང་ཡིན། ངོས་རང་ཉིད་ཀྱང་སྣང་བ་དེ་དག་གི་དབང་དུ་རང་དབང་མེད་པར་ཚུད་ཡོད།

དགོན་པའི་མཁན་པོ་དང་དགེ་བསྐོས་ཚོར་ཕྲད་པའི་དཀའ་ངལ་ཆེ་ཤོས་ཤིག་ནི། གྲྭ་གཞོན་ཚོར་གློག་བརྙན་བལྟ་སར་བྲོས་ནས་མི་འགྲོ་བའི་སྔོན་འགོག་གང་འདྲ་དགོས་མིན་མ་ཤེས་པ་དེ་རེད། བྱ་བྲལ་རིན་པོ་ཆེས་གྲྭ་གཞོན་རྣམས་གློག་བརྙན་བལྟ་སར་འགྲོ་སྐབས་ཁོང་ཚོ་གང་འདྲ་བྱས་ནས་འཇུ་བཟུང་བྱེད་ཀྱི་ཡོད་མེད་སྐོར་གྱི་དགོད་བྲོ་བའི་སྒྲུང་ཞིག་ཡོད། ཕྱི་ལོ་ ༡༩༧༠ ནང་རིན་པོ་ཆེས་རྒྱ་གར་བྱང་ཤར་ཁུལ་གྱི་ས་ཕྱོགས་རྡོ་རྗེ་གླིང་དུ་དགོན་པ་ཞིག་རྒྱག་རྒྱུ་དབུ་ཚུགས་པ་རེད། དགོན་པ་ནས་གྲྭ་པ་ཚོ་དགོང་མོ་བྲོས་ནས་གློག་བརྙན་བལྟ་སར་འགྲོ་ཡི་ཡོད། གལ་ཏེ་རིན་པོ་ཆེས་གྲྭ་པ་རྣམས་གློག་བརྙན་བལྟ་སར་ཕྱིན་པར་ཤེས་ན། ཁོང་གིས་ཕྱག་ཏུ་གློག་བཞུ་ཞིག་མནབས་ཏེ་གློག་བརྙན་ཁང་དུ་གློག་བརྙན་ལྟ་བཞིན་པའི་མི་ཚོགས་ཚང་མའི་གདོང་ལ་སྤར་ནས། གྲྭ་གཞོན་ཚོ་དགོན་པར་དྲུད་ནས་འགྲོ།

ངའི་ཐོག་མའི་སེམས་པ་ཆེས་ཤོར་སའི་བུད་མེད་རྣམས་ལས་གཅིག་ནི། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ཛི་ནཏ་ཨ་མན་ (Zeenat Aman) ཡིན། དེ་སྐབས་གུས་པ་སི་ཀིམ་གྱི་རྒྱལ་ཁང་ནང་དུ་དགེ་རྒན་དང་། ཞབས་ཞུ་བའི་ལྟ་སྲུང་ནན་པོས་སྐོར་ནས་ཡོད། གུས་པ་སྟེང་ཁང་དང་འོག་ཁང་དུ་མཁའ་འགྲོ་ཚེ་རིང་ཆོས་སྒྲོན་བཞུགས་ཡོད། ཁྲུས་ཁང་གསང་སྤྱོད་ཀྱང་འོག་ཁང་དུ་ཡོད། གུས་པ་རང་གི་ནང་ནས་ཕྱིར་ཐོན་ཆོག་པའི་གོ་སྐབས་ནི། ནམ་ཞིག་ཕྲན་རང་གསང་སྤྱོད་ལ་འགྲོ་སྐབས་གཅིག་པུ་དེ་རེད། སྐབས་འགར་གུས་པ་ཁང་པའི་ཕྱི་རུ་ཐོན་ནས་རྒྱལ་ཁང་གི་གཡས་གཡོན་དུ་གོམ་འགྲོས་བྱས་ནས་འགྲོ་ཆོག དེ་ལྟར་རྒྱལ་ཁང་གི་གཡས་གཡོན་དུ་གོམ་འགྲོས་བྱེད་པའི་བཀའ་ཁྲོལ་ཐོབ་དེས་ངའི་དགེ་རྒན་རྣམས་ཀྱི་སེམས་ཁམས་དྭངས་མ་ཡོད་པར་མཚོན། གློག་བརྙན་ལྟ་བའི་ཆེད་ཕྱི་རོལ་དུ་འགྲོ་ཞེས་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད།

དུས་དུས་སུ་མཁྱེན་བརྩེ་བླ་བྲང་གིས་ས་ཆ་གང་ས་ནས་གྲྭ་པ་མང་པོ་གདན་དྲངས་ནས་ཚོགས་ཆེན་ཚོགས་ཀྱི་ཡོད། དེའི་སྐབས་སུ་གུས་པ་གྲྭ་གཞོན་རྣམས་དང་ཐུག་འཕྲད་བྱས་ཤིང་། ཁོང་ཚོས་རྒྱ་གར་བྷོ་ལི་འུ་ཏིའི་གློག་བརྙན་གང་བལྟས་ཡོད་མེད་དང་། གློག་བརྙན་ལྟ་བའི་ཆེད་དུ་ཉེན་ཁ་གང་ལ་ཇི་མི་སྙམ་པའི་སྒོ་ནས་ཕྱིན་པར་ཁོ་བོར་བཤད།  ཁོང་ཚོས་གློག་བརྙན་མང་པོའི་སྐོར་གླེང་བྱུང་། དེ་དག་ལས་བྷོ་བྷི་ (Bobby) ཞེས་པ་གཅིག་ཡོད། དེ་བཞིན་ལེ་ལ་མ་ཇ་ནུ་ (Laila Majnu) འབོད་པ་ཞིག་ཀྱང་ཡོད། འོན་ཀྱང་ཁོ་བོར་སྤྲོ་སྣང་གོ་ཚོར་བ་རྒྱས་པར་བྱེད་མཁན་ནི། ཛི་ནཏ་ཨ་མན་ (Zeenat Aman) གྱི་འཁྲབ་སྟོན་བྱས་པའི་སཏ་ཡམ་ཤི་ཝམ་སུན་དྷ་རམ་ (Satyam Shivam Sundaram) ཞེས་པ་དེ་ཡིན། ཁོ་བོ་ལྟད་མོ་བལྟ་སར་འགྲོ་བའི་གོ་སྐབས་གཏན་ནས་མེད་ཀྱང་། གྲྭ་པ་ཚོའི་མདུན་ནས་གློག་བརྙན་དེའི་སྒྲུང་ཉན་རྒྱུ་གོ་སྐབས་རྙེད། ངས་གློག་བརྙན་དེ་གཅིག་པུའི་སྒྲུང་ལན་དུ་མར་བཤད་རོགས་ཞེས་གྲྭ་པ་མང་པོར་ཡང་ཡང་རེ་བ་ཞུས་ངེས། སྒྲུང་གཅིག་ཉིད་ལ་གྲྭ་པ་སོ་སོར་སྒྲུང་གི་རིམ་པ་མི་འདྲ་བ་རེ་ཡོད་པས་གློག་བརྙན་དེའི་སྒྲུང་ནམ་ཡང་རྙིང་པ་ཆགས་མ་སོང་། གྲྭ་པ་ཁ་ཤས་ཤིག་གིས་གློག་བརྙན་དེ་འཁྲབ་མཁན་གྱི་པར་རིས་འགའ་ཤས་ལྐོག་ནས་ཉོས་རྒྱུ་རག་ཡོད་པ་ང་ལ་སྤྲད་བྱུང་། དེ་ཉར་ཚགས་བྱ་རྒྱུ་ནི་རྒྱུན་ལྡན་གྱི་བརྙན་དེབ་རྣམས་ལས་ཆེས་ཉེན་ཁ་ཆེ་བ་ཞིག་ཡིན། དེས་ན་བདག་གིས་པར་རིས་རྣམས་གཞན་སུས་ཀྱང་མ་མཐོང་བའི་ས་ཆ་ཞིག་ཏུ་སྦས་པས། བདག་རང་ཉིད་ལའང་སྐབས་རེ་སྐབས་རེ་མ་གཏོགས་བལྟ་རྒྱུའི་གོ་སྐབས་མ་བྱུང་། བདག་ལ་པར་རིས་དེ་འདྲ་བ་ཞིག་དབང་ཡོད་སྙམ་པའི་ཚོར་བ་དེ་གཅིག་པུས་ཀྱང་སྤྲོ་སེམས་འཁོལ་བའི་བདེ་སྐྱིད་ཀྱི་ཚོར་སྣང་ཞིག་བྱིན། ཁོ་མོ་དང་འདྲ་བའི་སྙན་གྲགས་ཅན་གྱི་འཁྲབ་སྟོན་མ་ཧི་མ་མ་ལི་ནི་ (Hema Malini) དང་། མ་དྷུ་བྷ་ལ་ (Madhu Bala) ལྟ་བུ་དུ་མ་ཡོད་ཀྱང་། གུས་པ་ནི་ཁོ་མོས་བློས་འཁེལ་ཆོག་པའི་ཁོ་མོ་ལ་ཧ་ཅང་དགའ་མོས་ཅན་གྱི་སྐྱེས་བུ་ཞིག་ཡིན། འདི་ལ་ལས་ཀྱི་འབྲེལ་བའམ་བུ་ལོན་ལན་ཆགས་སོགས་གང་བཤད་ཀྱང་རུང་། རྟག་ཏུ་ངའི་སེམས་ནང་དུ་ཁོ་མོ་མ་གཏོགས་བུད་མེད་གཞན་གྱི་པར་རིས་ལ་བལྟས་ནའང་ཁོ་མོ་མགོ་སྐོར་ནས་བསླུ་བྲིད་བྱེད་པར་འགྱུར་བས། དེ་ལྟར་བྱ་མི་རུང་བའི་ཚོར་བ་རྣོན་པོ་ཞིག་ཡོད།

ཐེངས་ཤིག་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་རྣམ་གཉིས་ཀྱིས་ལྗགས་ལུང་ཞིག་གནང་བའི་སྐབས། ང་ཚོ་ཁོང་རྣམས་ཀྱིས་ཕྱག་དཔེ་ལྗགས་ཀློག་གནང་བ་ལ་ཉན་དགོས། སྐབས་འགར་ཉིན་གཅིག་ལ་ཆུ་ཚོད་བཅུའི་རིང་ལྗགས་ལུང་ཉན་དགོས་ཀྱང་ལྗགས་ལུང་སྐབས་གཉིད་གཏན་ནས་ཁུག་ཆོག་གི་མེད། གུས་པས་དང་དུ་བླང་དགོས་པ་ཞིག་གང་ཡོད་ཅེ་ན། ཐེངས་མང་པོར་ངའི་སེམས་ནང་དུ་གློག་བརྙན་གྱི་སྒྲུང་གི་འཆར་སྒོས་ཁེངས་ནས་ཡོད་པ་དེ་རེད། ལན་གྲངས་དུ་མར་གུས་པ་གློག་བརྙན་འཁྲབ་མཁན་ཚོའི་སྣང་བར་སྤྲུལ་ནས་ཛི་ནཏ་ཨ་མན་ (Zeenat Aman) མཉམ་དུ་ལྡུམ་རའི་ནང་དུ་ཕར་སྐོར་ཚུར་སྐོར་གྱིས་གར་བྱེད་པའི་འཆར་སྒོ་སྤྲོས། ང་ལ་གོམས་གཤིས་དེ་ད་དུང་ཡོད་མོད། འོན་ཀྱང་དེང་སང་ནི་ཆར་པའི་ནང་གཞས་བཏང་བ་ལྟ་བུ་མིན་པར་ཟླ་གམ་དབྱིབས་ཅན་གྱི་ལས་ཁུངས་ནང་དུ་ཨ་རིའི་སྲིད་འཛིན་གྱི་གོ་སར་གནས་ནས་འཛམ་གླིང་སྤྱིའི་ཉམ་ཐག་པའི་དཀའ་རྙོག་སེལ་ཐབས་བྱེད་པའི་འཆར་སྒོ་སྤྲོས་པ་དེ་རེད།

ཛི་ནཏ་ཨ་མན་དང་མཉམ་དུ་ཡོད་པའི་ངའི་ལས་འབྲས་ཀྱི་འབྲེལ་བ་དེ། ནམ་ཞིག་བུད་མེད་གཞན་ཞིག་དང་འབྲེལ་བའི་ངའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པའི་ཚེ་མེད་པར་གྱུར། འབད་མེད་ལྷུན་གྲུབ་ཀྱིས་གུས་པར་ཡུ་རོབ་ནས་ཡིན་པའི་བུད་མེད་ཅིག་གི་པར་ཞིག་རགས་པ་དང་། ཛི་ནཏ་ཨ་མན་གཏན་ནས་བརྗེད་སོང་། ལོ་ངོ་དུ་མ་ཞིག་གི་རྗེས་ཁོ་ནར་བུད་མེད་དེ་ཨི་ཊ་ལི་ (Italy) ནས་ཡིན་པའི་གློག་བརྙན་འཁྲབ་མཁན་མ་ཁ་ལའུ་ཌི་ཡ་ཁར་ཌི་ནེལ་ (Claudia Cardinale) ཡིན་པར་ཤེས་བྱུང་། ཁོ་མོ་ལ་སེམས་པ་ཤོར་རྒྱུ་ནམ་ཡང་རྒྱུན་མ་ཆད། དེང་སང་ཡང་ནམ་ཞིག་གུས་པས་རྗེ་བཙུན་སྒྲོལ་མ་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་ཐང་འབྲི་དགོས་ཚེ། ཁོ་མོའི་རྣམ་པ་དང་འདྲ་བ་ཞིག་འབྲིར་བཅུག་གི་ཡོད།

ང་ལ་ཆུང་དུས་ཉེས་ཆད་ཚབས་ཆེ་ཤོས་དེ་ཁ་ལའུ་ཌི་ཡ་ཁར་ཌི་ནེལ་ (Claudia Cardinale) གྱི་པར་ཉར་ཚགས་བྱེད་པ་ལ་བརྟེན་ནས་བཏང་བྱུང་། ཉེན་བརྡ་བཏང་བ་དང་། བཀག་འགོག་བྱས་པ། དེ་བཞིན་བཀའ་བཀྱོན་བཏང་བ་སོགས་ཇི་ལྟར་བྱས་ཀྱང་། བུད་མེད་དང་གློག་བརྙན་གཉིས་པོ་ངའི་མི་ཚེ་ནང་འཇབ་སྟེ་སླེབས། ངའི་དགེ་རྒན་གྱིས་ཁོ་མོའི་པར་ཞ་ལའི་སྟེང་དུ་བཀབ་པའི་ཤིང་ལེབ་ཅིག་གི་འོག་ཏུ་རྙེད་ནས་བཟུང་བཀའ་བཀྱོན་དང་སློབ་གསོའི་མཐའ་མཇུག་ནམ་ཡང་མ་ཤར།

ངོས་རང་མྱོང་བ་ཐོན་པའི་ཉམས་ལེན་པ་ཞིག་ཡིན་པ་ངོས་ལེན་བྱེད་མི་ཐུབ་མོད། འོན་ཀྱང་སངས་རྒྱས་དང་ཆོས་ལ་འབྲེལ་བ་ཞིག་ཡོད་པ་ཏན་ཏན་རེད། ཁོ་བོས་ཛི་ནཏ་ཨ་མན་དང་ཁ་ལའུ་ཌི་ཡ་ཁར་ཌ་ནེལ་ལ་སེམས་པ་ཤོར་བ་ལ་གཞིགས་ན། ཁོང་ཚོ་ཡང་བརྒྱུད་ནས་སངས་རྒྱས་དང་ཆོས་ལ་འབྲེལ་བ་ཡོད་དམ་སྙམ་དུ་བསམ་རྒྱུར་དགའ་པོ་ཡོད།

0 Comments

Submit a Comment

Your email address will not be published. Required fields are marked *