ལེའུ་བཅུ་བཞི་པ། བཀྲ་ཤིས་རྣམ་རྒྱལ་གྱི་རིས་མེད་ཀྱི་ལམ་ལུགས་ལ་མངའ་བའི་དུང་སེམས།

ཕྱོ་ལོ་ ༡༩༦༠ རེ་གྲངས་ཀྱི་ལོ་སྟོད་ཙམ་ན། ཧི་མ་ལཱ་ཡ་ཡོངས་རྫོགས་ཁ་བྲལ་ནས་ཞིག་རལ་དུ་འགྲོ་བཞིན་པ་ལྟར་སྣང་། དགོན་པ་རྣམས་གཏོར་བཤིག་བཏང་ཚར་ཡོད་ལ། ཉམས་ལེན་ཅན་གྱི་བླ་མ་དང་དགེ་རྒན་མང་པོའི་སྲོག་ཀྱང་ཕྲོགས་ཡོད་ཅིང་། ནང་མི་དུ་མ་ཁ་བྲལ་དུ་བཏང་ཟིན། དེའི་སྟེང་དུ་ཚེ་དབང་དཔལ་འབྱོར་གྱིས་ཕྱག་མཛོད་ཀྱི་ལས་འགན་དོར་བས། མི་ཚོགས་མང་པོས་མཁྱེན་བརྩེའི་བླ་བརྒྱུད་ཀྱི་བསོད་ནམས་དང་དབང་ཐང་གི་མཐའ་རྫོགས་པར་བསམས།

ཁོང་གི་ངོ་ཚབ་ཏུ་མི་ཞིག་སླེབས་དགོས་ངེས་ཅན་ཡིན་པས། འོས་ཤིང་འཚམ་པའི་སྐྱེ་བོ་གཅིག་པུ་དེ་ནི། གྲུ་མོ་ཚང་གི་བཀྲ་ཤིས་རྣམ་རྒྱལ་རེད། གྲུ་མོ་ཚང་ནི་སྡེ་དགེའི་རྒྱལ་རྒྱུད་གྲགས་ཅན་ཞིག་རེད། བཀྲ་ཤིས་རྣམ་རྒྱལ་བཙས་པ་ན། རྩིས་པས་ཁོང་ཡུན་རིང་མི་འཚོ་བར་ལུང་བསྟན་པས་ནང་མི་རྣམས་ཀྱིས་ཁོང་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་ཞབས་ཕྱིའི་ཆེད་དུ་ཕུལ། བྱིས་པ་རང་གི་བདེ་སྐྱིད་ཀྱི་ཆེད་དུ་ཕ་མས་བླ་མ་ལ་ཕུལ་བ་ནི་བོད་ཀྱི་ཐུན་མོང་གི་ལུགས་སྲོལ་ཞིག་རེད།

ངའི་འཚར་ལོངས་ཀྱི་བརྒྱུད་རིམ་ནང་བཀྲ་ཤིས་རྣམ་རྒྱལ་ཁོང་མང་ཚོགས་ནང་དུ་ཤེས་ཡོན་ཅན་ཞིག་ཏུ་ངོས་འཛིན་ཞུས་ཀྱི་མེད་ཅིང་། ཁོང་གི་སྦྱངས་པའི་སློབ་སྦྱོང་གཅིག་པུ་དེ་ནི་རྒྱ་གླིང་འབུད་རྒྱུ་དེ་རེད། ཁོ་པ་རྒྱ་གླིང་འབུད་པ་ལ་བྱང་ཆུབ་པ་མ་ཟད། རྒྱ་གླིང་འབུད་རྒྱུར་དགའ་པོ་ཡང་ཡོད། རྒྱུན་དུ་རང་གི་འབུད་བྱའི་རྒྱ་གླིང་རྣམས་གཅེས་སྤྲས་ཞིབ་ཚགས་བྱས་ཤིང་། ཁོང་ནི་རྒྱ་གླིང་གི་དགེ་རྒན་སྤུས་ལེགས་ཤིག་ཡིན། ཁོང་གི་བསླབས་པའི་མཛུབ་རྡེབ་ཁག་ཅིག་ད་དུང་ཡང་འབུད་བཞིན་འདུག དེ་ལྟར་ཡིན་ན་ཡང་། ཁྱེད་ཀྱིས་ཁོང་ནང་བཞིན་དྲན་ཤེས་མི་བརྟན་པའི་སྐྱེས་བུ་ཞིག་རྙེད་དཀའ། ཁོང་ཡང་ཡང་ཁྲོམ་དུ་ཅ་ལག་ཞིག་ཉོ་སར་ཕྱིན་ནས་ནང་དུ་ལག་སྟོང་ལོག་པའམ། ཡང་ན་རང་གི་ལུས་ལ་གྱོན་བཞིན་པའི་དུག་སློག་དེ་ཉིད་ས་ཆ་གང་སར་འཚོལ་བར་བྱེད།

བཀྲ་ཤིས་རྣམ་རྒྱལ་ནི་དལ་ཅིང་ལྷོད་ལ་སྐད་ཆ་རྣམས་ནར་ནས་བཤད་པ་ལ་སྐད་གྲགས་རེད། ནམ་ཡང་ང་ཚོ་རྒྱ་གར་ནང་དུ་མེ་འཁོར་བརྒྱུད་དེ་འགྲུལ་སྐྱོད་བྱེད་པ་ན། ཁོང་མི་འཁོར་འབབ་ཚུགས་དག་ཏུ་ཕྱིར་ཐོན་ནས་ཆུ་དང་ཇ་ཉོ་སར་འགྲོ། དུས་དེ་ནི་རྒྱུན་དུ་མི་བཟོད་པའི་སེམས་ཁྲལ་བྱིན་པའི་དུས་ཤིག་རེད། མེ་འཁོར་སྟངས་འཛིན་པས་མེ་འཁོར་མ་འགྲོ་གོང་ཤུ་སྒྲ་ཐེངས་གསུམ་བྱིན། གུས་པས་ཐེངས་མང་པོར་ཤུ་སྒྲ་གསུམ་པ་བུད་ཟིན་པའི་རྗེས་སུའང་ཁོང་ལག་ཏུ་ཇ་ཚ་བོ་ཁྱེར་ནས་སྐྱོད་བཞིན་པའི་མེ་འཁོར་དང་ལྷན་དུ་བརྒྱུགས་ནས་སླེབས་པ་མཐོང་། རླུང་རྟ་རྒྱུགས་པ་ཞིག་ལ་རྒྱ་གར་གྱི་མེ་འཁོར་རྣམས་དལ་པོར་འགྲོ་བ་མ་ཟད། རིམ་པ་གསུམ་པའི་ཁང་ཆུང་རྣམས་ལ་བསྡམ་བྱའི་སྒོ་ཡང་མེད་པས་ཁོང་ནང་དུ་འཛུལ་བར་དཀའ་ཚེགས་དེ་ཙམ་མེད།

བཀྲ་ཤིས་རྣམ་རྒྱལ་སྐུ་དྲག་གི་བརྒྱུད་པ་ཞིག་ཡིན་པས། ཁོང་ལ་ཞང་པོ་དང་། ཚ་བོ་ཚ་མོ་གྲངས་ལ་འདས་པ་ཡོད། ཁོང་གིས་ཁོ་ཚོ་ཚང་མར་བྱམས་པོ་བྱས་ཀྱི་ཡོད་པས་ཚང་མས་ཁོང་ལ་དགའ། ཕྲུ་གུ་དེ་ཚོར་བྱམས་བརྩེའི་མིག་གིས་བལྟས། ཁོང་སྒང་ཏོག་ས་གནས་ཀྱི་རྐང་རྩེད་སྤོ་ལོའི་འགྲན་སྡུར་བལྟ་རྒྱུར་དགའ་པོ་ཡོད་པས། ཆར་པ་བབས་ཀྱང་འདྲ་ཉི་མ་ཤར་ཡང་རུང་། ཁུག་མའི་ནང་དུ་ཤིང་ལེབ་ཅིག་ཁྱེར་ནས་རྐང་རྩེད་སྤོ་ལོ་བལྟ་སར་འགྲོ། རྩེད་ཐང་དེ་ཆ་རྐྱེན་ལྡན་པའི་རྩེད་ཐང་ཞིག་མིན་སྟབས་ཁོང་ལ་རང་གི་སྡོད་སའི་ཆེད་དུ་ཤིང་ལེབ་དགོས་ཀྱི་ཡོད། གུས་པ་ཁོང་དང་ལྷན་དུ་ལྟད་མོ་བལྟ་སར་ཁྲིད་པ་ལྟ་ཞོག་རྩེད་ཐང་གི་ཕྱོགས་ཙམ་ལའང་འགྲོ་བར་མ་གནང་།

རང་གི་བྱིས་པའི་སྐབས་ཀྱི་གནས་སྟངས་ལ་གཞིགས་ཚེ། གནས་སྟངས་དུ་མ་ཞིག་ལ་ངོས་ཀྱིས་བཀའ་དྲིན་རྗེས་དྲན་ཞུ་དགོས། ལོས་ཡིན། རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱི་ལམ་དང་། ཆོས། དེ་བཞིན་སྐྱེས་ཆེན་དམ་པ་དུ་མ་དང་མཇལ་བ་ནི་བསོད་ནམས་དཔག་ཏུ་མེད་པ་བསགས་པའི་འབྲས་བུ་ཡིན། འོན་ཀྱང་ད་ལྟ་ངོས་རང་གིས་ཤེས་རྟོགས་བྱུང་བ་ནི། ཚེ་དབང་དཔལ་འབྱོར་རང་གི་ལས་གནས་ལས་དགོངས་པ་ཞུས་ནས་བཀྲ་ཤིས་རྣམ་རྒྱལ་ཕྱག་མཛོད་དུ་གྱུར་ཏེ་རིམ་བཞིན་ང་ལྟ་རྟོག་བྱེད་མཁན་ཆགས་པ་དེ་ཡང་བསོད་ནམས་ཆེན་པོ་ཞིག་ཏུ་མངོན།

ནམ་རྒྱུན་སྤྲུལ་སྐུ་ཞིག་ངོས་འཛིན་བྱས་ཚར་བའི་རྗེས་སུ། ཁོང་གི་ཕྱག་རོགས་ཞུ་མཁན་རྣམས་ཁོག་རྒྱ་ཆུང་ཆུང་ཡིན་པའི་ཁར། ཕྲུ་གུ་དེ་ཇི་ལྟར་གསོ་སྐྱོང་དགོས་མིན་ཐད་ཕུག་རྒྱང་རིང་བའི་བསམ་བློ་མེད་མཁན་ཤ་སྟག་རེད། རྒྱུན་དུ་ཞབས་ཞུ་བ་དང་ཕྱག་མཛོད་རྣམས་ཆོས་ལུགས་བྱེ་བྲག་པ་ཞིག་ལ་ཞེན་ཁོག་ཆེ་དྲགས་པའི་རྐྱེན་གྱིས་སྤྲུལ་སྐུ་ཚོར་ཆོས་ལུགས་གཅིག་ཁོ་ན་ངོ་སྤྲོད་བྱེད། འོན་ཀྱང་ང་ལ་མཚོན་ན་ནམ་ཞིག་དབང་ལུང་ཁྲིད་སོགས་གནང་སྐོར་གྱི་གནས་ཚུལ་ཞིག་ཐོས་ཙ་ན། བཀའ་ཆོས་དེ་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནས་གནང་གི་ཡོད་ཀྱང་རུང་། ༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ནས་ཀྱང་རུང་། ༧དཔལ་ས་སྐྱའི་སྐྱབས་མགོན་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་ཡིན་ཡང་རུང་། གང་ལྟར་ཕྱག་མཛོད་བཀྲ་ཤིས་རྣམ་རྒྱལ་གྱིས་ཐབས་ཤེས་གང་ཡོད་བྱས་ཏེ་གུས་པ་དབང་ཞུ་ས་དེར་སླེབས་པར་བྱས། ཁོང་ལ་བྱ་སྟབས་བདེ་པོ་མེད་པ་ཙམ་མ་ཟད་བླ་བྲང་ལ་མ་དངུལ་གཏན་ནས་མེད་པས་དེ་ཚོ་ཚང་མ་གྲ་སྒྲིག་བྱས་པར་དཀའ་ངལ་མང་པོ་ཕྲད་ཡོད།

རྒྱབ་ནས་ཁོང་ལ་ཁ་ཟེར་མཁན་དུ་མ་བྱུང་ཡང་། ཁོང་གིས་ངོས་རང་རྟག་ཏུ་ས་གནས་གང་སར་བླ་མ་འདྲ་མིན་ལས་དབང་ཞུ་སར་མངགས། རྙིང་མ་པ་ཚོས་ཁོང་ལ་ཕྲན་རང་ས་སྐྱ་དང་བཀའ་བརྒྱུད་ཀྱི་ཆོས་ཞུ་སར་ཁྲིད་པར་སྐྱོན་བརྗོད་བྱས་ཤིང་། ས་སྐྱ་པ་ཚོས་ཁོང་ལ་ཁོ་བོ་རྙིང་མ་དང་བཀའ་བརྒྱུད་ཀྱི་ཆོས་ཞུ་སར་ཁྲིད་པར་འཁང་ར་བྱས། སྐྱོན་བརྗོད་དེ་དག་གི་ལན་དུ་ཉིད་ཀྱིས་འཛུམ་མདངས་ཆེན་པོ་ཞིག་སྟོན་པ་ལས་ནམ་ཡང་རྩོད་ལན་འདེབས་ཀྱི་མེད། འོན་ཀྱང་ཁོང་ལ་རང་གིས་གང་བྱེད་དགོས་མིན་གྱི་ཐད་ཤེས་རྟོགས་ཆ་ཚང་ཡོད་པ་འདྲ། རྒྱུན་དུ་གུས་པ་རྙིང་མའི་རྣལ་འབྱོར་པ་ཆེན་པོ་༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་ལས་དབང་ལུང་ཞུས་དགོས་པའི་སྐུལ་མ་ཡང་ཡང་བྱས་ཀྱང་། ནམ་ཞིག་༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་གིས་ངའི་སློབ་སྦྱོང་ལ་ལམ་སྟོན་གནང་རྒྱུའི་ཞལ་བཞེས་གནང་ཡང་། བཀྲ་ཤིས་རྣམ་རྒྱལ་གྱིས་ངོས་ལེན་ཞུས་མེད། ཁོང་གིས་གུས་པ་མཐའ་གཅིག་ཏུ་ལམ་ལུགས་གཅིག་ཁོ་ནར་མགོ་བཏགས་ཞུ་བཅུག་འདོད་མེད།

ངའི་མེས་པོ་༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་༸སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་དང་ལྷན་དུ།

༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ལ་རྒྱུ་མཚན་གཞན་དུ་མས་རྐྱེན་པས་སྐྱེས་བུ་ཀུན་གྱིས་གུས་ཤིང་བཀུར་ན་ཡང་། གཞན་དང་ཐུན་མོང་མ་ཡིན་པའི་རྒྱུ་མཚན་གཅིག་ཡོད་པ་ནི་ཁོང་ལ་རིས་མེད་སུ་མ་ཆད་པའི་བོད་བརྒྱུད་ནང་བསྟན་ལ་མངའ་བའི་ཤ་ཞེན་དང་བསྒྲུབས་པའི་མཛད་རྗེས་འདི་ཡིན། དེས་ན་ངོས་རང་རིན་པོ་ཆེ་ཁོང་གི་ཡང་སྲིད་ཡིན་པའི་ཆར་བཞག་ནས་བཀྲ་ཤིས་རྣམ་རྒྱལ་གྱི་སེམས་ནང་གུས་པ་གང་ཐུབ་ཐུབ་ཀྱི་རིས་མེད་ཀྱི་ཆོས་བརྒྱུད་འཛིན་པ་ཞིག་བྱེད་དགོས་པར་བསམས། བཀྲ་ཤིས་རྣམ་རྒྱལ་གྱིས་རྟག་ཏུ་ཁོ་བོ་བླ་མ་བཟང་པོ། བཀའ་ཆོས་ཟབ་མོ། དེ་བཞིན་བྱིན་རླབས་རྩ་ཆེན་དེ་དག་ངོ་སྤྲད་བྱས་ནས་རིས་མེད་ཀྱི་ལམ་ལུགས་འདི་རྒྱུན་སྐྱོང་བྱ་རྒྱུའི་དམ་བཅའ་བརྟན་པོ་ཡོད།

ཁོ་བོ་ས་སྐྱ་མཐོ་སློབ་ལ་སློབ་སྦྱོང་བྱེད་བཞིན་པའི་སྐབས། མཐོ་སློབ་དེར་སློབ་ཚན་ཡོངས་རྫོགས་ཕྱོགས་སྒྲིག་ཞུས་པའི་སྒྲིག་ཁོངས་སུ་སློབ་ཕྲུག་རྣམས་ཀྱིས་ངེས་པར་དུ་འབྱོར་ཐོ་འགོད་དགོས་པར་གསལ་ཡོད། འོན་ཀྱང་བཀྲ་ཤིས་རྣམ་རྒྱལ་གྱིས་ཁོ་བོ་ལོའི་བར་མཚམས་སུ་བཀའ་ཆོས་དང་བཀའ་དབང་ཞུ་སར་ཡང་ཡང་ཁྲིད། གཤམ་གྱི་གནས་ཚུལ་འདིས་ཁྱེད་ཀྱི་མིག་ཆེས་ཆེར་གདང་དུ་བཅུག་སྲིད། གུས་པའི་བཤད་གྲྭའི་ལོ་མཐའ་མ་སྟེ་བཀའ་བཅུ་པའི་ཡིག་རྒྱུགས་གཏང་ལ་ཉེ་བའི་སྐབས། ཁོང་གིས་མཐོ་སློབ་ནས་ཐོན་དགོས་པར་ནན་ཏན་ཨུ་ཚུགས་བརྒྱབ་པ་ཇི་བཞིན་བྱས་པས། ཁོ་བོ་བཤད་གྲྭའི་སློབ་མཐར་མ་སོན། དེ་སྐབས་ཁོང་གི་ཐག་གཅོད་དེའི་རྐྱེན་གྱིས་བདག་ལ་བཀའ་བཅུ་པའི་ལག་ཁྱེར་མ་ཐོབ་པས་ཁོང་གི་ཐག་གཅོད་དེ་ལ་བདག་གིས་གཏན་ནས་མོས་མཐུན་བྱེད་ཐབས་བྲལ། བཀྲ་ཤིས་རྣམ་རྒྱལ་གྱིས་རྫོང་སར་མཁྱེན་བརྩེ་ཞེས་པའི་མཚན་གནས་ལས་ལྷག་པའི་བཀའ་བཅུ་པའི་མཚན་གནས་ཤིག་མེད་ཅེས་བཤད།

དེ་དུས་སྐད་ཆ་དེ་སྙན་པོ་མ་བྱུང་ཡང་དེས་ཏན་ཏན་བག་ཆགས་ཤིག་བཞག་ཡོད་ངེས། གང་ཡིན་ཟེར་ན། ལོ་མང་པོའི་རྗེས་སུ་བདག་གིས་དབྱིན་ཡུལ་ལན་ཌན་ (London) གྱི་ (SOAS) མཐོ་སློབ་ཏུ་སློབ་དཔོན་གྱི་གནས་རིམ་གྱི་སློབ་མཐར་སོན་མ་ཐུབ་ཀྱང་དེས་བདག་ལ་སུན་སྣང་གང་ཡང་མ་བྱིན། དེ་ནི་བཀྲ་ཤིས་རྣམ་རྒྱལ་གྱི་ཤུགས་རྐྱེན་ཡིན་ངེས།

ལན་ཌན་གྱི་ (SOAS) མཐོ་སློབ།

བཀྲ་ཤིས་རྣམ་རྒྱལ་གྱི་ཆོས་ལུགས་རིས་མེད་ལ་མངའ་བའི་ཤ་ཞེན་འདིས་ཁོང་མཁས་པ་ཞིག་མིན་ཡང་མཁས་པར་གྲགས་པའི་བློ་གུ་དོག་ལ་ཕྱོགས་ལྷུང་ཅན་གྱི་སྐྱེས་བུ་རྣམས་སྒྲིབ་པར་བྱས། ཁོང་གིས་ངའི་སློབ་སྦྱོང་གི་ལམ་སྟོན་པར་གནང་བ་ནི་ངའི་བསོད་ནམས་ཡིན་ལ། ཁོང་གི་དྲིན་ལན་གུས་པས་ནམ་ཡང་འཇལ་ཐུབ་ཐབས་བྲལ།

ངའི་པ་ལགས།

གནས་སྟངས་འདི་དང་འབྲེལ་བའི་བདག་གི་བསོད་ནམས་ཀྱི་སྐོར་གཞན་ཡང་ཞུས་ན། གུས་པའི་ནང་མི་རྣམས་ཀྱང་འདིར་གསལ་བཤད་ངེས་པར་བྱེད་དགོས། ངའི་ནང་མི་རྣམས་ནི་རྙིང་མ་ལ་དད་གུས་ཆེན་པོ་ཡོད་པ་ཤ་སྟག་རེད། ཁྱད་པར་དུ་ངའི་མེས་པོ་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་དང་། པ་ལགས་གདུང་སྲས་འཕྲིན་ལས་ནོར་བུ་གཉིས་ཆར་རྙིང་མའི་ཆོས་བརྒྱུད་ནང་ཤུགས་རྐྱེན་ལྡན་པའི་གོ་གནས་ཡོད་མཁན་ཞིག་རེད། ཁོང་རྣམས་ཀྱིས་དཀའ་ཚེགས་གཏན་ནས་མེད་པར་མཁྱེན་བརྩེ་བླ་བྲང་ལ་གནོན་ཤུགས་སྤྲད་ནས་གུས་པ་ས་སྐྱ་དང་། བཀའ་བརྒྱུད་ཀྱི་ཆོས་ཞུ་སར་འགྲོར་མི་བཅུག་པར་བྱེད་ཐུབ་ནའང་། ཁོང་རྣམས་ཀྱིས་ནམ་ཡང་ཐེ་བྱུས་བྱས་མེད། དེང་སང་གི་སྤྲུལ་སྐུ་ཁག་གཅིག་གི་ནང་མི་དང་བླ་བྲང་གིས་ཁོང་རྣམས་ཀྱི་སློབ་སྦྱོང་དང་འཚར་ལོངས་ལ་སྟངས་འཛིན་བྱེད་སྟངས་ལ་གཞིགས་ཚེ། ད་གཟོད་ཁོང་རྣམས་ཀྱི་བློས་བཏོང་དང་ཡིད་ཆེས་ལ་སེམས་གཏིང་ནས་བརྩི་འཇོག་ཅིག་སླེབས།

ཞྭ་དམར་རིན་པོ་ཆེ།

བཀྲ་ཤིས་རྣམ་རྒྱལ་ཁམས་པའི་སྐུ་དྲག་གི་བརྒྱུད་པ་ཞིག་ཡིན་སྟབས་རང་གི་ནང་མིའི་ཆེ་མཐོང་ལ་བརྩི་འཇོག་ཆེན་པོ་བྱས། ཁོང་གི་བྱེད་སྟངས་འདི་ལ་གཉེན་བཤེས་ཕྱོགས་ལྷུང་རིང་ལུགས་སམ་རང་གི་ཉེ་དུ་ལ་ཡོད་པའི་ཤ་ཞེན་ཞེས་གང་དུ་འགྲེལ་ཡང་ཆོག ཞྭ་དམར་རིན་པོ་ཆེ་ཁོང་གི་གཅུང་མོའི་སྲས་སུ་འཁྲུངས། ལོ་མང་པོའི་རྗེས་སུ་རིན་པོ་ཆེ་ཁོང་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པའི་ཡང་སྲིད་སྐོར་གྱི་དཀའ་རྙོག་ནང་ཚུད། ཞྭ་དམར་རིན་པོ་ཆེ་མཆོག་ནས་ཀརྨ་པ་གཅིག་ངོས་འཛིན་གནང་ཞིང་། ཏའི་སི་ཏུ་རིན་པོ་ཆེ་མཆོག་ནས་ཀྱང་གཞན་ཞིག་ངོས་འཛིན་གནང་། བཀྲ་ཤིས་རྣམ་རྒྱལ་ཁོང་གི་ཨ་ཞང་ཞིག་ཡིན་པའི་ཆ་ནས་ཞྭ་དམར་རིན་པོ་ཆེར་རྒྱབ་སྐྱོར་ཤུགས་ཆེར་བྱས་ཀྱང་། བསྔགས་བརྗོད་འོས་པ་ཞིག་ལ། བདག་ལ་ནམ་ཡང་ཁོང་གི་ཕྱོགས་བཟུང་དགོས་པའི་ཤུགས་རྐྱེན་སྤྲད་མ་སོང་། དེ་ལས་ལྡོག་ནས་ཁོང་གིས། ས་གཞིའི་ཆ་ནས་རྫོང་སར་ཁམས་བྱེ་བཤད་གྲྭ་ནི་དཔལ་སྤུངས་དགོན་པ་དང་ཐག་ཉེ་སར་ཡོད་པ་ཙམ་མ་ཟད། ༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་དང་། ཏའི་སི་ཏུ་སྐུ་ཐོག་གོང་མ་གཉིས་ཕན་ཚུན་དམ་ཚིག་གཙང་མ་ཡོད་སྐོར་བཤད། འདི་ནི་ཤིན་ཏུ་ཡིད་ལ་འཆང་དགོས་པའི་གནས་ཤིག་གོ །

ཏའི་སི་ཏུ་རིན་པོ་ཆེ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་དང་ལྷན་དུ།

གལ་ཏེ་ང་ལ་བོད་ཀྱི་ཆོས་བརྒྱུད་ཙམ་མིན་པར་ཆོས་ལུགས་གཞན་ཏེ་ཉི་ཧོང་གི་ནང་ཆོས་ (Zen) དང་ཉན་ཐོས་ཐེག་པ་ལྟ་བུ་ལ་བརྩི་བཀུར་དང་ཡིད་རངས་ཙམ་ཞིག་མཆིས་ན། དེ་ལ་བཀྲ་ཤིས་རྣམ་རྒྱལ་གྱིས་ཤུགས་རྐྱེན་ཞུགས་ཡོད། ཁོང་ཕྱི་ལོ་ ༢༠༠༧ ཟླ་བ་ ༨ ཚེས་ ༨ ཉིན་ས་གནས་འབིར་དུ་འདས་གྲོངས་སུ་ཕྱིན། ཁོང་ནི་ངའི་མི་ཚེ་ནང་དུ་ཕྲད་པའི་བྱམས་བརྩེ་ཆེ་ཞིང་རང་བཞིན་འཇམ་པའི་མི་ཞིག་ཡིན་པ་རྟག་ཏུ་དྲན་ལམ་དུ་གནས་ངེས།

དབྱངས་ཅན་ཞེན་གཡང་ཚང་བཀྲ་ཤིས་རྣམ་རྒྱལ་དང་ལྷན་དུ་སི་ཀིམ་དུ།

བཀྲ་ཤིས་རྣམ་རྒྱལ། ཧི་མ་ཅལ་གྱི་མངའ་ཁུལ་འབིར་དུ།

Skills

Posted on

October 30, 2019

Submit a Comment

Your email address will not be published. Required fields are marked *