གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་ད་ལྟའང་ཞལ་བཞུགས་ཡོད་ན། ཕལ་ཆེར་སྟོན་པ་ཁོང་འུ་ཅག་རྗེས་འཇུག་ཚོའི་བྱེད་སྟངས་ཏེ། ཕྱོགས་ལྷུང་དང་རྙོག་དྲ་འདྲེན་པའི་རྒྱུ་རྐྱེན་དུ་གྱུར་པའི་རུ་ཁག་དང་སྡེ་ཚན་དུ་མར་གྱེས་ཏེ་གནས་པ་ལ་བརྩོན་པ་ལྷུར་ལེན་པའི་བྱ་བ་འདི་ལ་གཟིགས་ནས་ཐུགས་མཉེས་དཀའ་བར་སྣང་། ངོས་རང་གང་དུ་སྐྱེས་པའི་རྒྱལ་ཁབ་ཀྱི་མི་མང་ཚོས་ཐེ་ལེན་ཌི་ (Thailand) ཡི་ནང་པ་རྣམས་ཀྱིས་ནང་ཆོས་ཁུངས་དག་པོ་ཞིག་སློབ་པར་ངོས་ལེན་བྱེད་ཀྱི་ཡོད་དམ་སྙམ། དེར་མ་ཟད་ཏན་ཏན་ཁོང་ཚོའི་བསམ་བློ་ནང་ཁོང་རྣམས་ཀྱི་ནང་ཆོས་དེ་མཐོ་བ་དང་། ཐེ་ལན་ཌི་ (Thailand) ཡི་ནང་ཆོས་དེ་དམའ་བ་ཡིན་པར་ངོས་འཛིན་བྱེད། ཁོ་བོ་གང་དུ་སྐྱེས་པའི་ཡུལ་ལུང་གི་སྐྱེས་བུ་ཚོས་ནང་པ་སངས་རྒྱས་ཀྱི་བསྟན་པའི་བརྒྱུད་པ་རིང་ཤོས་དེ་རྒྱ་གར་གྱི་རྗེས་སུ་རྒྱ་ནག་ཡིན་པའི་ལོ་རྒྱུས་དེ་ཡང་ཤེས་ཀྱི་ཡོད་པའི་གདེང་ཚོད་ཁོ་བོ་ལ་མེད། རྒྱ་ནག་ནི་ལོ་ངོ་བརྒྱ་ཕྲག་གི་རིང་དམ་ཆོས་ཀྱི་གདུལ་བྱ་དང་བསྟན་པའི་སྦྱིན་བདག་ཏུ་གྱུར་ཀྱང་། གུས་པ་གང་དུ་སྐྱེས་པའི་ཡུལ་ལུང་གྱི་སྤྱི་ཚོགས་ཀྱི་མིག་སྔར་དུ་རྒྱ་ནག་ནི་མའུ་ཙེ་ཏུང་དང་དོན་གཅིག་མིང་གི་རྣམ་གྲངས་ཡིན།
ཡུལ་ལུང་དེར་གུས་པ་ལྟ་བ་མཆོག་འཛིན་གྱི་ཚོགས་སྡེའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ངའི་པ་ལགས་སྔ་འགྱུར་རྙིང་མའི་རུ་ཁག་དང་ཨ་མ་ལགས་མཉམ་མེད་བཀའ་བརྒྱུད་ཀྱི་ཚོགས་སྡེར་གཏོགས་མོད། འོན་ཀྱང་བདག་ལ་ནི་ལས་ཀྱི་བག་ཆགས་འགོ་གཞིའི་སྟེང་དུ་སྔོན་གྱི་ལས་ཀྱིས་ཚོགས་སྡེ་དེ་དག་ལས་གཞན་དུ་གྱུར་པའི་ཚོགས་སྡེའི་བག་ཆགས་ཤིག་ཉར་ཚགས་བྱས་ནས་བཞག་པར་མངོན། དེས་ན་འདས་པའི་དུས་ཡུན་རིང་པོ་ཞིག་ནས་ངོས་རང་འཁོན་གྱི་གདུང་རྒྱུད་ཀྱི་དངོས་ཆོས་ཤིག་རེད་འདུག་སྙམ་པའི་ཚོར་བ་ཞིག་ཀྱང་ཡོད། གང་ལྟར་འཁོན་གྱི་བརྒྱུད་པ་འདི་ཡང་དཔལ་ལྡན་ས་སྐྱ་པའི་ཁྱིམ་རྒྱུད་ཀྱི་ཚོགས་སྡེ་ཞིག་རེད།
བདག་ལ་དཔལ་ལྡན་ས་སྐྱ་པར་དུང་ཞེན་ཞིག་མངའ་བ་འདི། འགའ་ཞིག་གིས་འགྱུར་ལྡོག་གི་རིམ་པ་སྣ་ཚོགས་ཀྱི་མཐར་ས་སྐྱའི་དགོན་པར་གྱུར་པའི་རྫོང་སར་བཤད་གྲྭའི་སྤྲུལ་སྐུ་ཞིག་ཡིན་པའི་ཆ་ནས་ཡིན་སྲིད་སྙམ་མོད། འོན་ཀྱང་དེ་འདྲ་གང་ཡང་མིན། བདག་ལ་མངའ་བའི་དུང་ཞེན་གྱི་རྒྱུའི་གཙོ་བོ་ནི། དཔལ་ལྡན་ས་སྐྱ་པའི་འཁོན་གྱི་རིགས་རྒྱུད་འདི་ཡིན། དེར་མ་ཟད་འཁོན་ཞེས་པའི་ཚིག་དེ་ལ་དགའ་ཞེན་རང་བཞིན་གྱི་སླེབས་ཡོང་བ་མ་ཟད། མིང་ཚིག་འདི་བདག་ལ་ཡིད་དུ་འོང་བ་ཞིག་ཏུ་སྣང་། དེའི་རྒྱུ་མཚན་ཡང་ཚིག་འདིའི་ཤུགས་བསྟན་ལ་འཁོན་འཛིན་གྱི་དོན་བསྟན་པས་ནི་ག་ལ་ཡིན། དེས་ན་འཁོན་གྱི་གདུང་རྒྱུད་འདི་ནི་སྔར་གནོད་སྦྱིན་དང་ལྷ་གཉིས་གཡུལ་འགྱེད་པའི་རྗེས་སུ་བྱུང་བར་གྲགས་ལ། བདག་ཐོག་མར་འཁོན་རིགས་ཀྱི་གདུང་རྒྱུད་འདི་མཇལ་སར་འགྲོ་སྐབས་ང་དང་མཉམ་དུ་ཡོད་པའི་ངའི་རྒན་ལགས་ཀྱིས་འཁོན་གྱི་རིགས་རྒྱུད་འདི་ནི་ལོག་པའི་ལམ་དུ་ཞུགས་པའི་ལྷ་ཞིག་རེད་ལ། རིགས་དེར་སྐྱེས་པའི་སྐྱེ་བོ་ཁ་ཅིག་མཚན་མོ་ཉལ་སྐབས་མིག་མ་བཙུམ་ནས་ཉལ། དེ་ནི་ལྷའི་རིགས་རྒྱུད་ཀྱི་བག་ཆགས་ཡོད་པས་རེད་ཅེས་པའི་འུར་གཏམ་ཡང་བསྒྲགས།
འཁོན་གྱི་རིགས་རྒྱུད་འདི་ལ་ཁྱད་ཆོས་གཞན་ཡང་ཡོད་དེ། དཔེར་ན་སྐུ་ཡི་པགས་པའི་མདོག་དང་། བཞུགས་སྟབས། རྣ་རྒྱན་འཆང་ལུགས། དབུ་སྐྲ་རིང་པོ་སྐུ་རྒྱབ་ཏུ་གློད་སྟངས། སྐབས་འགར་དབུ་སྐྲ་རྣམས་ཚོན་སྣ་འདྲེས་པའི་སྐུད་པས་བསྡམས་ནས་དབུའི་གཙུག་ཏུ་སྒྲིལ་སྟབས་ཏེ། ཉམས་འགྱུར་དེ་ཚོ་ཚང་མ་ཡང་སྤུས་ལེགས་ལ་ཚད་དང་ལྡན་པ་ཤ་སྟག་རེད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་ནས་བཟུང་ད་བར་གདུང་རབས་འདིའི་གནང་ལུགས་གནང་སྟངས་ལ་ཅུང་ཟད་ཀྱང་འཕོ་འགྱུར་ཐེབས་ཡོད་དམ་སྙམ།
༧སྐྱབས་རྗེ་ས་སྐྱ་ཁྲི་འཛིན་ཞེ་གཅིག་པ་ཆེན་པོ་མཆོག་ཐོག་མར་མཇལ་བ་ཕྱིར་དྲན་བྱས་ན། ཁོ་བོ་ལོ་དགུའམ་བཅུ་ཡིན་པའི་སྐབས་རྒྱ་གར་རྡེ་ར་རྡུན་ (Dehradun) དུ་ཁོང་ཐེངས་དང་པོ་མཇལ། དེ་སྐབས་ཁོང་དགུང་ལོ་ཉི་ཤུའི་ནང་ཡིན་ངེས། ལེའུ་སྔ་མར་གསལ་བ་བཞིན་ངོས་རང་སྤྲུལ་སྐུར་ངོས་འཛིན་གནང་མཁན་ནི་༧སྐྱབས་རྗེ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་ཁོང་རེད། ཕྱིས་སུ་ཁོ་བོ་རྗེ་བླ་མ་ཁོང་གིས་ཕྱི་ལོ་ ༡༩༧༢ ལོར་ཕྱག་བཏབ་པའི་ས་སྐྱ་མཐོ་སློབ་ཏུ་སློབ་སྦྱོང་བྱེད་བཞིན་པའི་སྐབས་ཆོས་རྗེ་ཉིད་ཀྱི་ཞལ་སྔ་ནས་སྔགས་ཀྱི་དབང་སྐུར་དུ་མ་ཐོབ་པ་ནི་ཅི་འདྲའི་སྐལ་པ་བཟང་བ་ལ། ༧སྐྱབས་རྗེ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་ཐོག་མར་མཇལ་བའི་ཚེ། ཁོང་གློག་འོད་གསལ་ལ་མི་གསལ་སྤར་པའི་ལྷ་ཁང་སྟེ། ཏིར་པཱལ་ལས་གྲུབ་པའི་གུར་ཁང་ཞིག་གི་ནང་དུ་ན་བཟའ་དམར་མོ་བཞེས་པའི་སྐྱེས་བུ་དུ་མའི་དབུས་ན་གོས་དཀར་པོའི་ཤམ་ཐབས་མནབས་ནས་བཞུགས་འདུག ཁྲིའི་སྟེང་ན་བཞུགས་པའི་བླ་མ་དེ་ཕོ་མོ་གང་ཡིན་དཔགས་མ་ནུས་པས། དེ་སྐབས་ཕྲན་ལ་གཙང་ཞིང་དག་ལ་བཅོས་མིན་གྱི་རྟོག་པ་ཞིག་བྱུང་བ་ནི། རྗེ་བླ་མ་ཁོང་ཕོ་མོ་གཉིས་ཀ་ཡིན་སྲིད་སྙམ་པ་དེ་རེད། ད་དུང་དེ་ལྟ་བུའི་བཅོས་མིན་གྱི་རང་གཤིས་དེ་བདག་ལ་མངའ་ན་ཅི་འདྲའི་ཡིད་དགའ་བ་ལ། ཀྱེ་ཧུད། ད་ནི་བྱིས་པའི་གནས་སྐབས་ལས་ནར་སོན་པས་རྗེ་བླ་མ་ཁོང་སྐྱེས་པ་ཕོའི་སྣང་བ་ལས་འདས་པ་ཞིག་ཏུ་མཇལ་བར་འདོད་ཀྱང་། སྐྱེས་པ་ཕོའི་རྣམ་པ་ཁོ་ནར་ཤར། ཁོང་བཞུགས་ཁྲིའི་སྟེང་དུ་བཞུགས་ནས་དབང་སྐུར་བར་རྩོམ་པ་ན། ཁོང་གིས་ཕྱག་མཛུབ་འགུལ་ཙམ་འགུལ་ཙམ་བྱས་ནས་ཌ་མ་རུ་འཁྲོལ་སྟངས་ཐུན་མོང་མ་ཡིན་པ་དེ་ཉིད་མཇལ་ནས་གུས་པ་ཧ་ལས་ཏེ་གཅེར་རེ་བལྟས་ནས་བསྡད། རྗེས་སུ་ངས་ཀྱང་ཁོང་གི་ཉམས་འགྱུར་དེའི་ལད་མོ་བྱེད་ཐབས་བྱས།
གུས་པ་རང་ཉིད་སྔགས་འཆང་ཞིག་གི་ཁྱིམ་དུ་སྐྱེས་པས་བདག་ལ་གསང་སྔགས་ཀྱི་རྣལ་འབྱོར་པའི་དངོས་ཆོས་རྣམས་གསར་པ་དེ་འདྲ་གང་ཡང་མིན་པ་མ་ཟད། སྤྱིར་སྔགས་པ་ཡོངས་དང་། སྒོས་སུ་འཁོན་གདུང་གི་བརྒྱུད་པ་ལ་མངའ་བའི་ཁོ་བོའི་དང་བ་དང་འདུན་པ་འདི་ཉིད་ཉམས་རྒུད་གཏན་ནས་ཕྱིན་མེད། དམིགས་བསལ་དྲི་མས་མ་འགོས་པས། གཙང་ཞིང་དག་ལ། གུས་ཤིང་བཀུར་འོས་པ། དེ་བཞིན་ཧ་ཅང་བརྗིད་ཉམས་དོད་པའི་༧སྐྱབས་རྗེ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་དང་། ༧སྐྱབས་རྗེ་སྨིན་གླིང་ཁྲི་རབས་བཅུ་གཅིག་པ་རྣམ་གཉིས་ནི་ངའི་འཚར་ལོངས་ཀྱི་བརྒྱུད་རིམ་ནང་ཕྲད་པའི་གསང་སྔགས་ཀྱི་རྣལ་འབྱོར་པ་རྣམས་ལས་འབུར་དུ་ཐོན་པ་ཞིག་རེད། དེའི་རྒྱུ་མཚན་ཡང་། ༧སྐྱབས་རྗེ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རྣམ་གཉིས་ནི་སྔགས་པ་ཚད་ལྡན་མཐའ་མའི་གྲས་དང་། རང་གི་རིགས་རྒྱུན་འདི་ཉིད་གུ་རུ་རིན་པོ་ཆེའི་བར་དུ་ཡར་དེད་ཐུབ་པའི་རྒྱུ་མཚན་གྱིས་ཡིན་སྲིད། གུས་པས་གུ་རུ་རིན་པོ་ཆེ་དང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་རྣམ་ཐར་རྣམས་ཀློག་སྐབས་ཁོང་རྣམས་བསམ་ཡས་དགོན་པར་རང་གི་འཁོར་རྣལ་འབྱོར་པ་དང་ལྷན་དུ་ཡོད་པ་ཡིད་ལ་བྱེད་ཚེ། གུ་རུ་རིན་པོ་ཆེ་དང་ཆོས་རྒྱལ་རྣམས་ཀྱི་དོད་དུ་༧སྐྱབས་རྗེ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་དང་། སྨིན་གླིང་ཁྲི་ཆེན་རྣམ་གཉིས་ཡིད་ལ་བྱེད་ཀྱི་ཡོད་པས། ཆོས་རྒྱལ་དང་མཁན་སློབ་རྣམས་ཅི་འདྲ་ཡོད་མིན་ཡིད་ལ་བྱེད་པ་ལ་དཀའ་ཚེགས་མི་བྱུང་།
༧སྐྱབས་རྗེ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་ནི་ཉམས་ལེན་ཆེ་བའི་རྣལ་འབྱོར་པ་ཞིག་ཡིན་པ་མ་ཟད། རྒྱུན་དུ་གཞན་ལ་གུས་ཞབས་དང་བྱམས་སྙིང་རྗེ་ལྡན་ཞིང། སེམས་ཐག་ཉེ་ལ་མཇལ་ཁ་བཅར་ཚེ་སོ་སོའི་ནང་དུ་ཕ་མ་དང་ཕྲད་པའི་སེམས་ཚོར་བ་བྱིན་པའི་ཉེ་རིང་མེད་པར་སྣེ་ལེན་བྱེད་པའི་གནས་བདག་ཅིག་ཀྱང་རེད། ཆུང་དུས་༧སྐྱབས་རྗེ་ས་སྐྱ་ཁྲི་འཛིན་རིན་པོ་ཆེའི་ཕོ་བྲང་དུ་དུས་ཚོད་མང་པོ་བསྐྱལ་མྱོང་། ང་ཚོར་དགུང་ཚིགས་དང་དགོང་ཚིགས་ཁོང་དང་ལྷན་དུ་ཟ་རྒྱུར་ནན་ཏན་དུ་གསུངས་ཤིང་། བླ་མ་ཁོང་ཞབས་བཀྱག་ཅིག་གི་སྟེང་དུ་བཞུགས་པའམ་ཁྲི་ཆུང་ཞིག་ཏུ་བཞུགས་པ་ན། ནང་མི་གཞན་རྣམས་ཁོང་གི་ཉེ་འདབས་སུ་བསྐོར་ནས་བཞུགས། ཞབས་ཞུ་བས་ཞལ་ལག་རྣམས་རེ་རེ་བཞིན་ཁྱེར་ནས་འོངས། ཁོང་གི་ཞབས་ཞུ་བ་ཁ་ཅིག་བོད་གཙང་ནས་ཡིན་སྟབས་ཁོང་རྣམས་ལས་ཡུལ་ལུང་དེའི་ཉམས་འགྱུར་གྱི་མཁའ་རླངས་ལྡང་ལ། ཁོང་ཚོ་ནི་གུས་ཞབས་ལྡན་ལ། ཉམ་ཆུང་བ། ཞིབ་ཚགས་པ། བསམ་གཞིག་དོད་པོ་སྟེ་རིགས་མཐོའི་ཁྱིམ་ཚང་གི་ཉམས་མྱོང་ལྡན་པའི་ཞབས་ཞུ་བའི་སྣེ་མོ་ཞིག་དང་འདྲ། ཁོང་ལ་མོག་མོག་དང་ཨམ་མདོ་བག་ལེབ་བཟོ་བ་ལ་ཕུལ་དུ་ཕྱིན་པའི་མ་བྱན་རྩེ་ཕུད་ཅིག་མཆིས་པས། ངས་ཁོང་ལས་བག་ལེབ་བཟོ་སྟངས་སྦྱངས་ཡིན་ལ། སྐྱུར་རྫས་ཀྱི་ཐོག་མའི་ངོ་སྤྲོད་ཀྱང་ཁོང་གིས་གནང་བྱུང་།
ཁོ་བོར་༧སྐྱབས་རྗེ་ས་སྐྱ་ཁྲི་འཛིན་རིན་པོ་ཆེའི་སྲུ་མོ་དང་མཇལ་བའི་སྐལ་པ་བྱུང་བས། ཁོ་མོས་བདག་ལ་རང་ཉིད་གང་ལ་དབང་བའི་ཚོར་སྣང་ཞིག་བྱིན་བྱུང་། དེ་ཡང་ངའི་ཉིན་ལྟར་གྱི་ཁ་འདོན་ནང་དུ་རྙིང་མའི་ཕྱོགས་ཀྱི་ཞལ་འདོན་མང་པོ་ཡོད་པས། ས་སྐྱ་པ་ཚོ་དང་ལྷན་དུ་ཡོད་ཚེ་མི་བདེ་བའི་ཚོར་སྣང་དྲག་པོ་ཞིག་བྱུང་མོད། འོན་ཀྱང་སྲུ་མོ་ཁོང་འཁོན་གྱི་རིགས་སུ་འཁྲུངས་ཀྱང་ངས་འདོན་པའི་རྙིང་མའི་ཁ་འདོན་གྱི་བྱེ་བྲག་རྣམས་ཁོ་མོས་ཀྱང་གནང་བར་ཤེས་རྟོགས་བྱུང་། གནས་ཚུལ་དེས་ཁོ་བོའི་བསམ་བློའི་ཁོག་རྒྱ་ཡངས་རུ་བཏང་སོང་། ཁོ་མོས་བདག་ལ་དངོས་པོའི་གནས་ལུགས་ར་སྤྲོད་པ་དང་བློ་སྟོབས་ཀྱང་སྤེལ། སྒོས་སུ་ཁོ་མོས་རྙིང་ལུགས་ཀྱི་ཞལ་འདོན་གནང་བ་དེས་གང་མཚོན་ཞེ་ན། མི་རབས་གོང་མ་ཚོ་རུ་ཁག་དང་སྡེ་ཚན་གྱི་ངོ་བོར་གནས་ཀྱང་དེ་དག་གིས་གནོན་ཤུགས་འོག་དེ་ཙམ་ཚུད་མེད་པར་མཚོན།
༧སྐྱབས་རྗེ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་དང་ལྷན་དུ་ཡོད་པའི་དྲན་པ་རྣམས་ལས་ངའི་དྲན་པ་དགའ་ཤོས་ཤིག་ནི། གུས་པ་ཁོང་གི་ཞབས་ཞུ་བ་ཁག་ཅིག་དང། ཁོང་དང་ལྷན་དུ་རྡེ་ར་རྡུན་ (Dehradun) གྱི་རྒྱལ་ལམ་ཨེ་སི་ལེ་ཧོལ (Astley Hall) ནས་ཞབས་ཐང་སྤྲོ་འཆམ་དུ་འགྲོ་སྐབས། ཇ་ཁང་ཆུང་ཆུང་ཞིག་ཏུ་གསོལ་ཇ་མངགས་གནང་བ་དེ་རེད། ཁོང་གི་མཛད་སྤྱོད་དེ་ནི་ཤིན་ཏུ་དཀྱུས་མའི་ངང་ཚུལ་ཞིག་ཏུ་སྣང་། རིན་པོ་ཆེ་ཁོང་རྒྱུན་དུ་དངོས་པོའི་ཆོས་འདྲ་མིན་ཐོག་མཁྱེན་རྒྱ་བསྐྱེད་པར་སྤྲོ་བས། དེང་སང་ཡང་བཀའ་མོལ་གནང་སྐབས་ཁོང་གི་གསུང་རྣམས་བརྗོད་གཞི་དུ་མས་བསྡུས་པ་ཞིག་རེད་ལ། གཞན་ལ་གཅིག་རྗེས་གཉིས་མཐུད་ཀྱིས་དྲི་བ་འདྲི་རྒྱུར་ཤིན་ཏུ་མཉེས། བདག་ལ་གོམས་འདྲིས་ཡོད་པའི་སྐྱེས་ཆེན་དམ་པ་༧རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་ཆེན་པོ་དང་། ༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ལྟ་བུ་རྣམས་ལས། ༧སྐྱབས་རྗེ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་ནི་ཉིན་ལྟར་ཚགས་པར་དང་། བརྙན་དེབ་རྣམས་ལྗགས་ཀློག་མཛད་ནས་དུས་རབས་དང་བསྟུན་པར་གནང་མཁན་གཅིག་པུ་དེ་རེད། འདས་པའི་དུས་ཡུན་རིང་པོའི་སྔོན་དུ་མོས་མཐུན་བྱེད་ (Subscription) ཅེས་པའི་འཆར་སྒོའི་གོ་རྟོགས་རྩ་ནས་མེད་པའི་སྔ་རོལ་དུ་ཡང་། ཁོང་གིས་ཕོ་བྲང་དུ་རྟག་པར་བདུན་ཕྲག་གི་གསར་འགྱུར་བརྙན་དེབ་མངགས་ཉོ་གནང་།
ཁོང་འཇིག་རྟེན་གྱི་རྒྱུན་ཆོས་རྣམས་ལ་ཤེས་རྟོགས་བྱེད་པར་ཧ་ཅང་མཉེས་པོ་ཡོད་པོ་མ་ཟད། ཁོང་ལ་འཇིག་རྟེན་གྱི་ཡོན་ཏན་གཞན་ཞིག་ཀྱང་ཡོད། ང་ཚོ་ནི་རྒྱུ་མཚན་ལྡན་པའི་བསམ་བློ་དང་། རྒྱབ་ལྗོངས་ཀྱི་གནས་ཚུལ་ལ་གཞིག་པའི་རིག་པའི་རྗེས་འབྲང་གི་ལམ་ལུགས་ལ་གཅེས་སྤྲས་བྱེད་པའི་དུས་ཤིག་ལ་གནས་ཡོད་མོད། འོན་ཀྱང་དངོས་པོ་ཚང་མ་ལ་རྒྱུ་མཚན་དང་རྒྱབ་ལྗོངས་དགོས་པར་བཤད་པ་ནི་རྫུ་བག་ཙམ་དུ་མི་སྣང་ངམ། གང་ཡིན་ཟེར་ན། ནམ་ཞིག་ཡ་མཚན་ཆེ་བའི་གནས་སྟངས་ཞིག་བྱུང་སྐབས་ང་ཚོའི་སེམས་ནང་བདེ་སྐྱིད་ཀྱི་ཚོར་བའི་ཆ་ཤས་ཤིག་སྐྱེ་བས་སོ།།
དངོས་པོའི་ཆོས་ཐམས་ཅད་ལ་རྒྱུ་མཚན་དགོས་པ་ནི་དངོས་པོའི་གཤིས་ལུགས་ཀྱི་འགྲོ་སྟངས་ཡིན་དགོས་པའི་ངེས་པ་མེད། བྱུང་མི་སྲིད་པའི་དངོས་པོའི་ཆོས་རྣམས་ལ་དོགས་ཟོན་བྱེད་དགོས་པའང་ང་ཚོས་སྦྱངས་ནས་ཤེས་དགོས་པ་ཞིག་རེད། འོན་ཀྱང་ང་ཚོ་རང་ཉིད་དྲན་རྒྱུ་རྒོད་པོ་དང་དོགས་ཟོན་ཅན་ཡིན་པ་ལ་སྤོབས་པ་ལྡན་ཞིང་། དངོས་པོའི་ཆོས་ལ་ཡིད་ཆེས་དཀའ་བས། ང་ཚོའི་རྒྱུ་མཚན་ལ་ཞེན་པའི་གུ་དོག་པའི་བསམ་བློས་རྫུ་འཕྲུལ་དང་བྱིན་རླབས་ཀྱི་ནུས་པ་རྣམས་ཡིད་ལ་འཆར་དཀའ་བར་བྱེད། སྐྱེས་བུ་སུ་ཞིག་རྒྱུ་མཚན་གྱི་ར་བ་ལས་ཀྱང་བརྒལ་ནས་འགྲོ་བའི་ཐབས་ལ་བརྩོན་པ་དག་ལ་ནི། ༧སྐྱབས་རྗེ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་རྫུ་འཕྲུལ་དང་། བྱིན་རླབས་ཀྱི་རང་གཟུགས་སུ་སྣང་བས། རིན་པོ་ཆེ་ཁོང་ང་ཚོའི་མདུན་དུ་ཡོད་དགོས་པ་ནི་ཤིན་ཏུ་གལ་གནད་དུ་གྱུར། གལ་ཏེ་ཁྱེད་རང་རྒྱུ་མཚན་ལ་ཆེས་ཡིད་ཆེས་བྱེད་པའི་སྐྱེས་བུ་ཞིག་ཡིན་ན། ར་བ་ཞིག་གི་ནང་དུ་ཚུད་དེ་སྐོར་བ་བསྐོར་ནས་ལྷག་སྲིད། དེ་ཡང་དཔེར་ན་ཞི་མིའི་རྔ་མ་ལ་ཤ་བཏགས་ནས་དེའི་རྗེས་དེད་བྱས་ཏེ་ཨ་ལོང་བཞིན་བསྐོར་ནས་གནས་པའི་རྣམ་ཐར་བཞིན་རེད། འཐད་པ་དང་རྒྱུ་མཚན་གྱིས་འཆིང་བྱེད་ཀྱི་ཞགས་པ་བཞིན་དུ་རང་ཉིད་གནས་ག་གེ་མོ་ཞིག་ཏུ་བཅིང་ནས་དེ་ལས་ཐར་དཀའ་བར་བྱེད།
བདག་གིས་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་ཁོང་སྐུ་ན་གཞོན་པའི་སྐབས་ཏེ་གསང་ཡུམ་མ་བཞེས་གོང་ནས་ཞལ་ཚོར་ཞིང། དེ་དུས་ནས་ཁོང་གཞན་དང་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ཐེ་ཚོམ་མེད། ཚང་མས་ཁོང་ལ་རང་གི་བརྒྱུད་པ་འཛིན་པ་དང་། གདུང་སྲས་ཤིག་གནང་བའི་རེ་འདུན་དྲག་པོ་བྱས། ཁོང་གི་མ་འོངས་པའི་གསང་ཡུམ་སྟེ་རྒྱལ་ཡུམ་ཆེན་མོ་ཡང་ཁོང་དང་མ་ཕྲད་སྔོན་དང་གསང་ཡུམ་དུ་མ་བཞེས་གོང་ནས་ཞལ་ཚོར་གྱི་ཡོད། ཁོ་མོ་ནི་སྡེ་དགེ་ནས་ཡིན་པའི་ཧོ་ཆོ་ཚང་ཞེས་གྲགས་ཆེ་བའི་སྨན་པའི་རིགས་ཀྱི་མི་ཚང་ཞིག་གི་སྲས་མོ་རེད། ཧོ་ཆོ་ཚང་གི་ནང་མི་ཡོངས་རྫོགས་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོོ་ཆེ་ལ་དད་མོས་ཆེ་བས། མི་ཚང་རྣམས་སི་ཀིམ་དུ་སྐྱབས་བཅོལ་དུ་སླེབས་ནས་དེར་གཞིས་ཆགས་པའི་རྒྱུ་མཚན་ཡང་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ཁོང་གནས་དེར་བཞུགས་པའི་རྒྱུ་མཚན་གྱིས་ཡིན་པ་ཡིད་ཆེས་ཡོད།
རྒྱལ་ཡུམ་ཆེན་མོ་སྒང་ཏོག་ཏུ་ང་སྡོད་སའི་མཁྱེན་བརྩེ་བླ་བྲང་དུ་ཡོས་བརྔོ་བ་དང་། བླ་བྲང་གི་ལས་ཀ་གཞན་རྣམས་ལ་ཕྱག་རོགས་ཀྱི་ཕྱིར་དུ་ཕེབས། དེ་སྐབས་ང་ཚོས་ཁོ་མོ་ལ་མི་དཀྱུས་མ་གཞན་དང་འདྲ་བར་སྣེ་ལེན་བྱས་ཀྱི་ཡོད་ཀྱང་། ལོ་ཤས་རྗེས་ཁོ་མོ་༧སྐྱབས་རྗེ་ས་སྐྱ་ཁྲི་འཛིན་རིན་པོ་ཆེའི་གསང་ཡུམ་དུ་བཞེས་ནས་ཐོག་མར་༧སྐྱབས་རྗེ་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་། རིམ་གྱིས་༧སྐྱབས་རྗེ་ཛྙན་བཛྲ་རིན་པོ་ཆེ་མཆོག་སྐུ་འཁྲུངས། ད་ཆ་ཁོང་རྣམ་པ་གཉིས་སོ་སོར་སྲས་དང་སྲས་མོ་སྟེ་༧སྐྱབས་རྗེ་ས་སྐྱ་ཁྲི་འཛིན་རིན་པོ་ཆེའི་ཚ་བོ་དང་ཚ་མོ་རྣམས་འཁྲུངས་ཡོད།
ཉེ་ཆར་ཁོང་གིས་དཔལ་ས་སྐྱའི་ཁྲི་འཛིན་གྱི་རིང་ལུགས་འདི་ལ་གསར་བརྗེ་གནང་སྟེ་དཔལ་ས་སྐྱའི་ཁྲི་འཛིན་གྱི་གོ་གནས་དེ་བཞིན་རང་གི་གདུང་སྲས་སྟེ་མི་རབས་ཕྱི་མ་ཁྲི་རབས་ཞེ་གཉིས་པ་༧སྐྱབས་རྗེ་རཏྞ་བཛྲ་རིན་པོ་ཆེ་མཆོག་ལ་གནང་བ་ནི། ཟབ་བརླིང་བརྟན་གསུམ་གྱི་རྣམ་པར་ཐར་པ་ལགས་སོ།།
མི་ཞིག་ཡིན་པའི་ཆ་ནས་རང་གི་མི་ཚེའི་སྐོར་ལ་བསམ་གཞིག་ནན་པོ་བྱེད་སྐབས། འཛམ་གླིང་འདིར་ཤིན་ཏུ་ཉེན་ཚབས་ཆེ་བའི་རྡུལ་ཕྲན་མཚོན་ཆ་ ༡༨༠༠ ལྷག་དང་། འཛམ་བུ་གླིང་གི་བྱང་སྣེའི་འཁྱགས་རོམ་རྣམས་བཞུར་བ་དང་། དེ་བཞིན་གྲངས་ལས་འདས་པའི་སྐྱེས་བུ་དུ་མ་ལྟོགས་ཤི་ཐེབ་བཞིན་པ་ཡིན་ནའང་། འགལ་རྐྱེན་དེ་དག་གིས་གནོད་པས་མ་ཚུགས་པར་ལོ་ངོ་ལྔ་བཅུ་ལྷག་འཚོ་བ་དང་། དུས་ཚོད་དེ་དག་ཀྱང་༧སྐྱབས་རྗེ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་ལྟ་བུའི་སྐྱེས་ཆེན་དམ་པ་དང་ལྷན་དུ་བསྐྱལ་རྒྱུ་བྱུང་ཡོད་ཅིང་། དེ་ཡང་ལན་རེ་གཉིས་ཙམ་མིན་པར་ཁོང་གི་སྐུ་ཚེའི་བརྒྱུད་རིམ་མི་འདྲ་བ་རྣམས་མཇལ་ཐུབ་པར་བསམ་ཚེ། བདག་ནི་ཅི་འདྲའི་བསོད་ནམས་དང་སྐལ་བ་བཟང་བར་ངོས་འཛིན་ཐུབ་བོ།།
Recent Comments