ཚིག་མཛོད་དུ་གསལ་བའི་ཡང་སྲིད་ཅེས་པའི་ཚིག་གི་གོ་དོན་ནི་ “གཟུགས་པོ་ཞིག་གི་ནང་དུ་རྣམ་ཤེས་གསར་དུ་སྐྱེས་པ་ལ་ཟེར།” རྣམ་ཤེས་ཁས་མི་ལེན་པའི་སྐྱེས་བུ་སྟེ་ནམ་ཞིག་ང་ཚོ་འཆི་བའི་ཚེ་རྩི་ཤིང་སོགས་ཐལ་བའི་ངོ་བོར་ཁ་འཐོར་དུ་སོང་བའམ་རྡོ་ཚ་བོའི་སྟེང་ན་ཆུ་རླངས་བོར་གྱུར་ནས་ཡལ་བ་ལྟར་ལུས་སེམས་རྩ་མེད་དུ་འགྲོ་བར་འདོད་པ་དག་ལ་ནི། འདས་པའི་དུས་ཤིག་ཏུ་ཁོ་ཚོ་བྱའི་སྐྱེ་བ་བླངས་ནས་རང་གི་གྲོགས་པོ་ཞིག་གིས་བཟས་པའང་ངོས་ལེན་བྱེད་མི་ཐུབ། ལུས་པོ་ཞིག་ཀྱང་སེམས་ཀྱི་རྒྱུན་གནས་པར་ཁས་ལེན་པ་པོ་རྣམས་ཀྱིས་ཀྱང་སྐྱེ་བ་སྔ་ཕྱིའི་རྣམ་གཞག་ནང་པ་དང་ཧིན་དྷུའི་གྲུབ་མཐའ་ནས་བཤད་པ་བཞིན་ངོས་ལེན་བྱེད་དཀའ།
སྔར་ཨིབ་ར་ཧི་མིག་ (Abrahamic) ཆོས་ལུགས་ཀྱི་ཁོར་ཡུག་ཏུ་འཚར་ལོངས་བྱུང་བའམ་མཐའ་ན་རིག་གཞུང་དེའི་ནང་དུ་ཚུད་མྱོང་བའི་བློ་གུ་ཡངས་པའི་མི་ཁ་ཅིག་ཡོད་ཀྱང། ཁོང་ཚོར་སྐྱེ་བ་སྔ་ཕྱིའི་སྐོར་བློ་ངོར་འཆར་རྒྱུ་རྒྱ་གར་ནང་དུ་ནར་སོན་པའི་མི་རིགས་ནང་བཞིན་ལས་སླ་པོ་མེད། ང་ལྟ་བུ་ལ་མཚོན་ན་ཡང་སྐྱེ་ས་དང་འཚར་ལོངས་བྱུང་ས་གཉིས་ཀའང་སེམས་གཏིང་ནས་སྐྱེ་བ་སྔ་ཕྱི་ཁས་བླངས་ཤིང་དེའི་གྲུབ་མཐའ་ལ་ངེས་ཤེས་གཏིང་ཚུགས་པོ་དང་བཅས་འཚོ་བ་སྐྱེལ་མཁན་གྱི་སྤྱི་ཚོགས་ནང་དུ་བྱུང་མོད། ང་ལའང་སྐབས་འགར་དཀའ་ངལ་འཕྲད་ཀྱི་འདུག སྤྱིར་ནང་ཆོས་ལ་ཐོས་བསམ་བྱས་པ་ལ་བརྟེན་ནས་ཀུན་རྫོབ་ཐ་སྙད་ཙམ་དུ་ལས་འབྲས་ཁས་བླངས་པ་ལ་དཀའ་ངལ་གང་ཡང་མེད་པ་མ་ཟད། ངའི་རྒྱུད་ལ་སི་ཊི་ཝིན་ཧོ་ཀིན་ (Stephen Hawking) གྱི་གས་ཐོར་ཆེན་མོའི་ལྟ་གྲུབ་ (Big Bang Theory) དང་མི་མཐུན་པའི་སྐྱེ་བ་སྔ་ཕྱིའི་རྣམ་གཞག་གི་གོ་བ་དང་ཡིད་ཆེས་ཤིག་ཀྱང་ཡོད། ནང་པའི་གྲུབ་མཐའ་དང་སི་ཊི་ཝིན་ཧོ་ཀིན (Stephen Hawking) གྱིས་བཤད་པའི་སྐྱེ་བ་སྔ་ཕྱིའི་རྣམ་གཞག་གཉིས་ཀའང་ཐོགས་རེག་དང་བྲལ་ལ། ཁུངས་སྐྱེལ་ཁག་པ། དངོས་ཡོད་ལག་ལེན་ལྡན་པ། ཀུན་རྗོབ་ཀྱི་རང་བཞིན་ཡིན་པ། ཚད་ལྡན་གྱི་ཤེས་ཡོན་གྱི་རྒྱུ་མཚན་རང་བཞིན་ལྡན་པའི་ཚོད་དཔག་ཅིག་ཡིན་པ་གཅིག་མཚུངས་རེད། ཡིན་ན་ཡང་ང་ལ་ཡོད་པའི་དཀའ་ངལ་ནི། རང་ཉིད་སྐྱེས་ཆེན་དམ་པ་སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་རྣམ་སྤྲུལ་འཁྲུལ་པ་མེད་པ་སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་ཡིན་པར་ཡིད་ཆེས་དཀའ་བ་དེ་རེད།
སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་འཇམ་དབྱངས་མཁྱེན་བརྩེ་དབང་པོ་རང་གི་སྐུ་སྐྱེ་སྔ་མ་ཡིན་པ་ཐུགས་དྲན་གསོས་པ་མ་ཟད། ཀུན་མཁྱེན་འཇིགས་མེད་གླིང་པ་ཡང་རང་གི་སྐུ་སྐྱེ་སྔ་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་སྐུ་སྐྱེ་སྔ་མ་ཡིན་པ་ཐུགས་དྲན་གསོས། ཁོང་གི་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་འདི་རྣམས་ཐུགས་རིག་བརྟན་ལ་སུས་ཀྱང་བློ་འཁེལ་ཆོག་པའི་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེར་གསུངས། རྗེས་སུ་ཁོང་གིས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་རྣམ་ཐར་དུ་བཀོད། སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་གཉིས་ཆར་མཇལ་མྱོང་བའི་སྐྱེས་བུ་རྣམས་ཀྱིས་གསུངས་ན་སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་མཛད་རྗེས་དང་། ཁོང་གིས་ཕྱག་ལས་གང་ལ་གཙོ་འཛིན་གནང་ཚུལ་སོགས་མཛད་སྤྱོད་ཡོངས་རྫོགས་མཁྱེན་བརྩེ་སྐུ་གོང་མ་དང་ཧ་ཅང་འདྲ་ཚུལ་གསུངས། དེ་ཡང་དཔེར་ན་བཀོད་དབྱིབས་གཅིག་ལས་གྲུབ་པའི་སྣོད་གཅིག་གི་ནང་དུ་བཟོས་པའི་རྫས་ཀྱི་ངོ་བོ་ཐ་དད་ཀྱང་དེ་གཉིས་ཀྱི་བཀོད་དབྱིབས་གཅིག་མཚུངས་བྱུང་བ་ནང་བཞིན་རེད།
ཕྱི་ལོ་ ༡༩༦༡ ཡས་མས་སུ་སྐྱེས་པའི་སེམས་ཅན་རྣམས་ལ་ཟླ་བའི་གོ་ལར་བཏང་བའི་སྐྱེས་བུ་དག་མཐོང་བའི་ལས་དང་བསོད་ནམས་ཡོད་པ་མ་ཟད། སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་ལྟ་བུའི་སྐྱེས་ཆེན་དམ་པ་མཇལ་བའི་སྐལ་པའང་བྱུང། འོན་ཀྱང་ཁོང་རྣམས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལྟ་བུ་དམ་པ་གང་གི་སྐུ་ཚེ་གོང་མའི་མཛད་འཕྲིན་ཇི་བཞིན་བསྐྱངས་པ་བཞིན་དུ། ཁོང་གི་མཛད་སྤྱོད་ཀྱི་ཤུལ་ཇི་བཞིན་འཛིན་པའི་ཡང་སྲིད་འཁྲུལ་བྲལ་ཞིག་མཇལ་བའི་སྐལ་པས་དབེན་ངེས། དཔལ་ས་སྐྱའི་སྐྱབས་མགོན་གོང་མ་ཁྲི་འཛིན་རིན་པོ་ཆེས་འཇམ་དབྱངས་མཁྱེན་བརྩེ་དབང་པོ་སྐུ་མྱ་ངན་ལས་འདས་པ་ནི། ཉལ་ཁང་ཞིག་གི་ནང་དུ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་བཞུགས་ཡོད་པ་དང་། ཁྲི་འཛིན་རིན་པོ་ཆེ་ཁོང་ཉལ་ཁང་དེ་ལས་ཕྱིར་ཐོན་ནས་སླར་ཡང་ཁང་པ་དེར་ལོག་ཕེབས་དུས་བླ་མ་དེ་ཉིད་འཇམ་དབྱངས་མཁྱེན་ཆོས་ཀྱི་བློ་གྲོས་ཀྱི་སྐུ་གཟུགས་སུ་མཇལ་བ་དང་གཅིག་མཚུངས་ལྟ་བུ་རེད་ཅེས་ཡང་ཡང་གསུངས་མྱོང་། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་དངོས་སློབ་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང་། སྐྱབས་རྗེ་ས་སྐྱ་ཁྲི་འཛིན་རིནཔོ་ཆེ། ཞི་ཆེན་ཀོང་སྤྲུལ། ཞི་ཆེན་རྒྱལ་ཚབ། ཀ་ཐོག་སི་ཏུ་རིན་པོ་ཆེ། སྡེ་གཞུང་རིན་པོ་ཆེ་གཙོས་པའི་བླ་མ་དུ་མ་ཞིག་ནི་བསོད་ནམས་རྨད་དུ་བྱུང་བའི་སྐྱེས་བུ་རེད།
སེམས་ཅན་སྤྱི་མཐུན་གྱི་ལས་ནི་ཧ་ཅང་ནུས་པ་ཆེ་བས་སུ་ཡང་དེ་ལས་ཐར་དཀའ་བ་ཞིག་རེད། དཔེར་ན་བྱང་ཀོ་རི་ཡ་ (North Korea) ཡི་མི་སེར་མང་པོ་ཞིག་ལ་མི་རབས་གསུམ་གྱི་བཙན་པོའི་འགོ་ཁྲིད་ཀྱི་དབང་སྒྱུར་འོག་ཏུ་གནས་དགོས་པའི་སྤྱི་མཐུན་གྱི་ལས་ཡོད། མ་ཟད་ཁོང་ཚོས་རང་གི་དབུ་ཁྲིད་ལ་གུས་ཞབས་ཚད་མེད་བྱེད་པ་དང་། “དམངས་གཙོའི་རྒྱབ་ཁབ་འདི་ཉིད་ཉ་ཆེན་དྲུད་པའི་སྒྲའི་གླུ་དབྱངས་ཀྱིས་ཁེངས་ཤིང་ཉ་ཤ་དང་མཚོ་ཟས་རྣམས་ཀྱི་དྲི་ཞིམ་པོས་ཡོངས་སུ་ཁྱབ་ཡོད” ཅེས་པའི་སྐད་འབོད་ཀྱང་སྒྲོག་པར་བྱེད། དེ་དང་མཚུངས་པར་དམངས་གཙོའི་རྒྱལ་ཁབ་ཁ་ཅིག་གི་མི་སེར་ཚོའི་སྤྱི་མཐུན་གྱི་ལས་ནི། ཝར་སེ་སི (Versace) བཟོ་གྲྭའི་རིན་ཐང་ལ་ཡིད་ཆེས་བྱེད་པ་དེ་རེད་ལ། ཡང་འཛམ་བུ་གླིང་གི་སྐྱེ་བོ་ཕལ་མོ་ཆེའི་སྤྱི་མཐུན་གྱི་ལས་ནི། སྤྱི་ཚོགས་དྲ་ལམ་གྱི་དྲ་བར་ཚུད་དེ་རང་གི་རིན་ཐང་བྲལ་བའི་དུས་ཚོད་ཕལ་ཆེར་ཁ་པར་གྱི་ངོ་གདོང་དམར་སྨུག་མ་ཆགས་བར་བལྟས་ནས་ཆུད་ཟོས་སུ་གཏོང་བཞིན་པ་དེ་རེད།
དཔེ་དེ་བཞིན་དུ་ད་ལྟ་ངའི་སློབ་མ་ཡིན་ཟེར་ཡང་དོན་ལ་ངའི་གནོད་བྱར་གྱུར་པའི་སྐྱེ་བོ་རྣམས་ཀྱི་སྤྱི་མཐུན་གྱི་ལས་ཀྱང་། མི་ང་ལ་རྫོང་སར་མཁྱེན་བརྩེ་ཞེས་པའི་མིང་བཏགས་ནས་ད་ལྟའི་གནས་སྟངས་འོག་ཚུད་པ་དེ་རེད། ཡོངས་སུ་གྲགས་པའིི་མཐོ་སློབ་ཨོག་སི་ཕོཌ (Oxford) དང་ཨི་ཝི་ལིཁ (Ivy League) ནས་སློབ་མཐར་ཕྱིན་ཏེ་ཚད་ལྡན་གྱི་ལག་འཁྱེར་གསུམ་ལྡན་དང་ཞིང། ཞིབ་འཇུག་གི་ཐབས་ལམ་ལ་བྱང་ཆུབ་ཅིང་རིགས་པའི་རྗེས་འབྲང་གི་སྐྱེས་བུའི་ཚོགས་མི་ཉུང་བ་ཞིག་ཀྱང་ངའི་རྗེས་སུ་འཇུག་པ་ཙམ་གྱི་ཆེད་དུ་རང་གི་འགོ་དཔོན་དང་། གཟའ་ཟླ་སོགས་ལ་རྒྱུ་མཚན་ར་སྤྲོད་བྱེད་དགོས་པ་སོགས་དམྱལ་བའི་སྡུག་བསྔལ་ལྟ་བུ་ཁྱད་དུ་བསད་ནས་རང་གི་ལས་ཀ་ཡང་གཡུགས་ཤིང་། གཟའ་ཟླ་དང་ཁ་བྲལ་ནས་རླིག་ཤུབས་གོན་ནས་འཁྲིག་སྤྱོད་ལ་འཇུག་པ་འདི་དག་ལས་གང་གིས་བྱུང་བ་སུས་འགྲེལ་བརྗོད་བྱེད་ཐུབ་བམ།
ལས་ཀྱི་ཤུགས་རྐྱེན་གྱི་ནུས་པ་ནི་གསར་པ་དེ་འདྲ་གང་ཡང་མིན། དུས་རབས་སྔོན་གྱི་ལོ་ལྔ་བརྒྱ་གོང་དུ་སངས་རྒྱས་ཀྱི་ཚ་བོ་ཀུན་དགའ་བོས་རྒྱལ་སྲས་གཞོན་ནུ་དོན་གྲུབ་སངས་རྒྱས་ཡིན་པར་ངོ་ཤེས་ཀྱང་། ཚ་བོ་གཞན་ལྷས་བྱིན་གྱིས་རྒྱལ་སྲས་གཞོན་ནུ་དོན་གྲུབ་མི་ཕལ་པ་ཞིག་ཏུ་མཐོང་བ་ལས་སངས་རྒྱས་ཡིན་པ་ར་འཕྲོད་མ་བྱུང་། ཕྱི་ལོ་ ༡༩༦༦ ལོར་ང་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་པང་དུ་སྡོད་སྐབས་རིན་པོ་ཆེ་ཁོང་ལ་བྱིས་པ་ང་ལྟ་བུ་ལའང་རང་གི་བླ་མ་སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སུ་མཇལ་བའི་བསོད་ནམས་མཆིས་ཀྱང་། བདག་ལ་ནི་བདག་ཉིད་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སུ་མཇལ་བའི་སྐལ་པ་བྲལ། ད་ལྟའི་དིལ་མགོ་མཁྱེན་བརྩེའི་ཡང་སྲིད་འདི་ཉིད་ལའང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེར་མཇལ་རྒྱུར་ཤིན་ཏུ་དཀའ་ཚེགས་ཆེ། དེའི་རྒྱུ་མཚན་ནི་གང་གི་ཚེ་ངས་རང་གི་བླ་མ་དྲན་བརྩམ་པ་ན་དེའི་ཚེ་ཁོང་གི་བོང་ཚད་དང་དབྱིབས་ལ་ཞེན་ཤོར་བས་རེད།
ང་ཆུང་དུས་མི་ཞིག་གིས་རྩེད་ཆས་ཀྱི་ཆུ་ཚོད་ཅིག་སྤྲད་སོང་། དེས་ང་ལ་དུས་ཡུན་རིང་པོའི་བར་སྤྲོ་སྣང་བྱིན་བྱུང་། རྩེད་ཆས་དེས་ཆུ་ཚོད་ཀྱི་གོ་ཆོད་པ་གང་ཡང་མེད་མོད། འོན་ཀྱང་དེ་ལག་པར་བཏགས་དུས་སྐྱིད་སྣང་དོད་པོ་ཞེ་དྲགས་ཡོད་ལ་དུས་ཡུན་རིང་མོ་ཞིག་ལ་ཆུ་ཚོད་དེ་ལག་པར་བཏགས་པ་ཡིན། རྒྱུན་དུ་གུས་པ་ངུ་ནས་མིག་ཆུ་བཏང་སྲོལ་མེད་ཀྱང་ནམ་ཞིག་ཆུ་ཚོད་དེའི་ལུང་ཐག་ཡ་གཅིག་ཆད་པ་ན་སེམས་པ་ཧ་ཅང་སྐྱོ་ནས་ངུས་པ་ཡིན། དུས་ཚོད་གང་འཚམ་རྗེས་ངས་མྱུ་གུ་ཞིག་གིས་ལུང་ཐག་དེ་བསྐྱར་དུ་མཐུད་དེ་མུ་མཐུད་ནས་བཏགས་པ་ཡིན། གང་ལྟར་ཡང་རྩེད་ཆས་དེས་ངའི་འདོད་བློ་ཁེངས་པར་བྱས་སོང་ལ། སེམས་ལ་ཞི་བདེ་བྱིན་པ་དང་སྤྲོ་སྣང་ཡང་སྟེར་བྱུང་། དཔེ་དེ་བཞིན་དུ་མཁྱེན་བརྩེ་གོང་མའི་ངོ་བཤུས་སུ་གྱུར་པའི་མི་ང་ལའང་སྐྱེ་བོ་མང་པོ་ཞིག་མཁྱེན་བརྩེ་གོང་མའི་རྩི་མཐོང་སྤྲོད་དགོས་ཐུབ་ཀྱི་ཡོད། བདག་ལ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་ཀྱི་མིང་འདོགས་པ་པོས་ཀྱང་མཚན་གནས་དེ་ང་ལ་གནང་བའི་དགོངས་གཞི་ནི། “སེམས་ཅན་ཚོ་ལ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སྐུ་ངོ་མའི་སྐུ་མདུན་ནས་ཆོས་ཐོས་པའི་སྐལ་པ་མེད་སྟབས། ཁོང་གི་ངོ་བཤུས་འདིས་གོ་ཆོད་པ་བྱ་རྒྱུ་རེད།” ཅེས་དགོངས་ནས་མིང་དེ་ང་ལ་བཏགས་ཡོད་ངེས་རེད།
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་མཚན་གནས་ང་ལ་འདོགས་པ་པོ་གཙོ་བོ་ནི་སྐྱབས་རྗེ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་རེད། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཞིང་ལ་ཕེབས་སྐབས་ཁོང་དགུང་ལོ་བཅུ་བཞི་རེད་འདུག སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་སྐུ་གདུང་ཞུགས་འབུལ་མཛད་སྐབས་ས་སྐྱ། བཀའ་བརྒྱུད། རྙིང་མ་སྟེ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་གསུམ་གྱི་བླ་ཆེན་ཡོངས་རྫོགས་འདུས་ནས་བཀྲ་ཤིས་ལྡིང་དུ་སྐུ་གདུང་ཞུགས་འབུལ་གནང་སྐོར་བཤད་བྱུང་། ཁོང་རྣམ་པ་ཚང་མས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་སྐུ་མདུན་ནས་དུས་དང་ས་ཆ་མི་འདྲ་བར་བཀའ་ཆོས་མང་པོ་ཐོབ་ཡོད། སྐུ་གདུང་ཞུགས་འབུལ་གྱི་ཕྱག་ལས་ཕལ་ཆེར་གྲུབ་རྗེས་ཁོང་གི་སློབ་མ་རྒན་པ་རྣམས་ཕྱག་ལས་གལ་ཆེ་ཤོས་ཏེ་རིན་པོ་ཆེའི་ཡང་སྲིད་རྩད་གཅོད་བྱ་རྒྱུའི་ཆེད་དུ་བཀྲ་ཤིས་ལྡིང་དེ་ཉིད་དུ་བཞུགས།
བཀྲ་ཤིས་ལྡིང་དགོན་པ་ནི་སི་ཀིམ་གྱི་ནུབ་ཕྱོགས་སུ་སྙིང་གི་བཟོ་ལྟ་ལྡན་པའི་རི་བོའི་གསེབ་སྟེ་གུ་རུ་རིན་པོ་ཆེའི་གནས་ཡོད་པའི་བྱིན་རླབས་ཅན་གྱི་ས་ཆ་དེར་ཆགས་ཡོད། ཚོགས་པ་དེར་འདུས་པ་རྣམས་ཀྱི་ནང་དུ་རིན་པོ་ཆེ་ཁོང་གི་སློབ་མ་རྒན་པ་ཙམ་དུ་མ་ཟད་མཁྱེན་བརྩེ་བླ་བྲང་གི་ལས་བྱེད་རྣམས་དང་། སྐྱབས་རྗེ་དིལ་མགོ་མགོ་མཁྱེན་བརྩེ་རིན་པོ་ཆེ། མཁའ་འགྲོ་ཚེ་རིང་ཆོས་སྒྲོན། ཕྱག་མཛོད་ཚེ་རིང་དཔལ་འབྱོར་གཙོས་པའི་གཞན་ཡང་སྐྱེས་བུ་འགའ་ཞིག་ཡོད་སྐད། ཡང་སྲིད་ཀྱི་མཐའ་མའི་ཐག་གཅོད་དེ་སྐྱབས་རྗེ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་ནས་གནང་དགོས་པའི་དགོངས་འཆརཤུགས་ཆེས་ཤོས་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནས་བསྟན་གནང་འདུག། ཁོང་གི་དེ་ལྟར་གསུངས་པ་ལ་ཚོགས་པ་ཚང་མ་ཧང་སང་ནས་མིག་ཆེར་ལྡང་བྱས་ཡོད་ངེས། གང་ཡིན་ཟེར་ན། སྐྱབས་རྗེ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་ནི་དེ་སྐབས་གཡུའི་རྣ་ལོང་ལྗང་ཁུས་ལྷུབས་པའི་བྱིས་པ་ཞིག་རེད།
སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་ནས་སྤྲུལ་སྐུ་རྩད་གཅོད་གནང་རྒྱུའི་ཐུགས་འཁུར་ཡོངས་རྫོགས་བཞེས་མོད། ཡང་སྲིད་རྩད་གཅོད་བྱ་རྒྱུར་དུས་ཡུན་རིང་མོ་ཞེ་དྲགས་ཐོགས་པ་རེད། སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་སློབ་མ་རྣམས་ནས་རིན་པོ་ཆེའི་ཡང་སྲིད་མྱུར་དུ་མཇལ་འདོད་ཀྱི་བཟོད་མི་ཐུབ་པའི་བྲེལ་ཚུབ་དང་། དོགས་པ་ཁྱབ་དལ་བརྡལ་ཇི་ལྟར་བྱུང་ཡོད་མིན་ངས་ཚོད་དཔག་ཐུབ། ངའི་བསམ་པར་སློབ་མ་ཁག་ཅིག་ལ་ལོ་བདུན་སྒུག་རྒྱུ་ནི་དུས་ཡུན་ཧ་ཅང་རིང་པོ་ཆགས་ཡོད་ངེས།
བོད་པ་ཚོ་དགུན་ཁ་རྡོ་རྗེ་གདན་དུ་གནས་སྐོར་གྱི་ཆེད་དུ་འདུ་འཛོམས་བྱེད་རྒྱུ་དགའ་པོ་ཡོད། ང་ལོ་གཅིག་ཡས་མས་ལ་སོན་སྐབས་དགུན་དུས་ཤིག་ལ་པོ་པོ་ལགས་ཀྱིས་ང་ཡང་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོར་འདུ་འཛོམས་གྱི་ཆེད་དུ་ཁྲིད་འདུག ངའི་ཨ་ཅེ་ལགས་ཀྱིས་བོད་པ་དང་འབྲུག་པའི་ལུགས་སྲོལ་ལ་གལ་ཏེ་ནང་མི་ཞིག་ལ་ཕྲུ་གུ་གཉིས་ལས་ལྷག་པ་ཡོད་ན་གཅིག་པོ་པོ་དང་རྨོ་མོ་རྣམས་ཀྱིས་ཁྲིད་སྲོལ་ཡོད་སྐོར་བཤད་བྱུང་།
ལོ་གསུམ་བསྒུགས་རྗེས་རིན་པོ་ཆེའི་སློབ་མ་རྣམས་སྒུག་ཚོད་མི་ཟིན་པའི་འུར་གཏམ་རླུང་ལྟར་ཁྱབ་ཀྱང་སྐྱབས་རྗེ་ས་སྐྱ་ཁྲི་འཛིན་རིན་པོ་ཆེའི་སྐུ་མདུན་ནས་གསུང་འཕྲིན་གང་ཡང་མ་བྱུང་། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཁོང་རྡོ་རྗེ་གདན་དུ་ཉམས་ལེན་གནང་ནས་བཞུགས་ཡོད་སྐབས། ཁོང་གིས་ང་པོ་པོ་དང་རྨོ་མོའི་པང་དུ་འཁྱེར་བ་གཟིགས་པ་དང་། དེ་མ་ཐག་ཏུ་རིན་པོ་ཆེས་སྐྱབས་རྗེ་འཇམ་དབྱངས་མཁྱེན་ཆོས་ཀྱི་བློ་གྲོས་ཀྱི་ཞབས་ཕྱི་རྙིང་པ་བཀྲ་ཤིས་རྣམ་རྒྱལ་ལ་གསུང་དོན། “ལྟོས་དང་། ལྟོས་དང་ཕ་གི་ཕྲུ་གུ་དེ། ཕྲུ་གུ་དེ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་ཡིན་ས་རེད” ཅེས་གསུངས། བཀྲ་ཤིས་རྣམ་རྒྱལ་གྱིས་རིན་པོ་ཆེ་ལ་ཧར་ཤད་དང་བཅས་བཀག་ཡོད་སྐད། གང་ཡིན་ཟེར་ན་སྐྱབས་རྗེ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་ཁོ་ནས་དེ་ལྟ་བུའི་བཀའ་མོལ་གནང་ཆོག་པ་ལས་གཞན་སུས་ཀྱང་དེ་ལྟ་བུའི་བཀའ་མོལ་གནང་མི་ཆོག་པའི་གྲོས་ཆོད་བྱུང་ཡོད་ཅིང་། བཀའ་མོལ་དེ་གཞན་གྱིས་གོ་ན་རྙོག་གཞི་ཆགས་པའི་སེམས་ཁྲལ་ལངས་ཏེ། ཁོང་གིས་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལ་བཀའ་མོལ་དེ་གཞན་གྱི་གོ་ན་རྙོག་དྲ་ལང་གི་ཡོད་སྐོར་ཞུས་ནས་བཀའ་མོལ་དེ་གནང་མ་བཅུག་པ་རེད། སྒོས་སུ་སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་ངོས་འཛིན་ས་སྐྱ་ཁྲི་འཛིན་རིན་པོ་ཆེས་གནང་དགོས་སྐོར་གྱི་ཐག་གཅོད་དེའང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཁོང་གིས་གནང་བ་ཞིག་རེད། གནད་འགག་དེ་ལྟ་བུ་ལ་བརྟེན་ནས་སྤྲུལ་སྐུའི་ལམ་ལུགས་འདི་རྙོག་དྲ་ཚ་བོ་ཆགས་ཀྱི་ཡོད། དེའི་ལན་དུ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིི་གསུང་དོན། “གལ་སྲིད་ས་སྐྱ་ཁྲི་འཛིན་ཐམས་ཅད་མཁྱེན་པ་ཡིན་ན་ཁོང་གིས་ཀྱང་དེ་ག་རང་གསུང་གི་རེད” ཅེས་གསུངས།
ཕྱི་ལོ་ ༡༩༦༦ ལོར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་བདག་མོ་མཁའ་འགྲོ་ཚེ་རིང་ཆོས་སྒྲོན་ལ་དགུང་ལོ་ཉིར་གཅིག་ལ་ཕེབས་པའི་སྐྱབས་རྗེ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་ནས་ཏར་འཕྲིན་ (Telegram) ཞིག་འབྱོར་སྐབས་ཁོ་མོ་སྒང་ཏོག་ཏུ་རྒྱལ་ཁང་གི་མཆོད་ཁང་དུ་བཞུགས་ཡོད། ཤོག་བུ་དམར་སྐྱ་ཞིག་ལ་བྲིས་པའི་ཕྱག་ཡིག་དེ་ལྟེབ་ཚིགས་གསུམ་བརྒྱབས་ནས་ཡོད། འཕྲིན་ཡིག་ཡོངས་རྫོགས་དབྱིན་ཡིག་ཐོག་ཏུ་བྲིས་ཡོད་ཅིང་ “stop” “སྒུགས” ཅེས་པའི་ཚིག་གིས་ཁེངས་ནས་ཡོད། འཕྲིན་ཡིག་དེས་གདུང་སྲས་འཕྲིན་ལས་ནོར་བུའི་ཕྲུ་གུ་གཉིས་པ་སྟེ་བུ་ཆེ་བ་དེ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་ཡིན་པར་ཐག་གཅོད་གནང་། དེ་ནས་བཟུང་ང་ལ་ཁྲིམས་མཐུན་གྱི་ཐོག་ནས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ཞེས་མིང་གསར་དུ་བཏགས་པ་རེད།