ངོས་རང་ལ་བདག་ཉིད་སངས་རྒྱས་ཡིན་པར་ཐེ་ཚོམ་གཅིག་ཀྱང་མེད། འདི་ལྟ་བུའི་ངེས་ཤེས་འདི་ནི་བསྟན་བཅོས་རྒྱུད་བླ་མ་ལྟ་བུ་གཞུང་གང་དུ་སྒྲིབ་པ་ཐམས་ཅད་གློ་བུར་བ་ཡིན་པ་ལས་སེམས་ཀྱི་རང་བཞིན་མིན་པར་གསུངས་པའི་བཀའ་བསྟན་དེ་དག་དཔེ་ཀློག་བྱས་པའི་འབྲས་བུ་མིན། གང་ཡིན་ཟེར་ན། བདག་ནི་རྟགས་དང་རྒྱུ་མཚན་ལ་བརྟེན་པའི་རྣམ་དཔྱོད་ཀྱི་བློ་གྲོས་འཆང་བའི་སྐྱེས་བུ་རྣམས་ལས་གང་རུང་ཞིག་མིན་པའི་ཁར། རྒྱུ་མཚན་ལ་བརྟེན་པ་ཉིད་ལ་ཤིན་ཏུ་ཡིད་གཉིས་བཟའ་བའི་སྐྱེས་བུ་ཞིག་ཡིན་པས་རེད། ཕྲན་ལ་རང་ཉིད་སངས་རྒྱས་ཡིན་པར་ཡིད་ཆེས་ཡོད་དགོས་དོན་ནི། ངའི་བླ་མས་བདག་ལ་རང་ཉིད་སངས་རྒྱས་ཡིན་པ་ཡང་ཡང་གསུངས་པ་ལ་བརྟེན་ནས་རེད། བདག་ནི་ལེ་ལོ་ཅན་ཞིག་ཡིན་པས་རྒྱུན་དུ་གཞན་གྱིས་གཏན་ཁེལ་བྱས་པའི་ཚིག་ལ་བསྟེན་མཁན་ཞིག་ཡིན་ལ། སྒོས་སུ་རང་གི་བླ་མས་གསུངས་པའི་ངེས་གཏན་གྱི་ཚིག་ལ་བསྟེན་མཁན་ཞིག་ལགས། འོན་ཀྱང་ཡིད་ལ་འཆང་དགོས་པ་ཞིག་ལ། ངའི་བླ་མས་སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་པའང་གསུངས།

ཀྱེ་མ། རང་ཉིད་སངས་རྒྱས་ཡིན་ན་ཡང་། དར་འབུ་བཞིན་དུ་ཕྱི་ཤུན་གྱིས་བཏུམས་ནས་ཡོད། ངའི་ཕྱི་ཤུན་འདི་ནི་ཟད་མཐའ་མེད་ཅིང་། ཤིན་ཏུ་འགྱུར་སྐྱེན་ལ། རྣམ་པར་བཀྲ་བའི་རང་བཞིན་ཞིག་སྟེ། ངའི་སེམས་ཉིད་ཕྱི་ཤུན་འདི་ཡིན། དཔེ་ཇི་ལྟར་ན་ཁོ་བོ་རྣ་ཆོག་ཆེ་ལ་འགུག་པ་དང་ཡ་མཆུའི་སྟེང་གི་སྨེ་བ་ལས་གཡོལ་ཐབས་བྲལ་ཏེ་ཐོགས་པ་བཞིན་དུ། ཁོ་བོ་ནི་སེམས་དང་ལྷན་དུ་ཐོགས་ནས་ཡོད། ངའི་རྣ་ཆོག་དང་མཆུའི་སྟེང་གི་སྨེ་བ་ནི་གུས་པ་སི་འོལ་ (Seoul) ཞེས་པའི་ལུང་པར་ཕྱིན་ནས་དེ་དག་ལ་འགྱུར་བཅོས་ཅི་ཕྱིན་པ་ལས་ཉེ་བ་ཞིག་གཏང་ཐུབ་མོད། འོན་ཀྱང་སེམས་པ་འགྱུར་བ་གཏང་བ་དང་དེ་ཉིད་མེད་པ་བཟོ་ཞེས་པ་ནི་དེ་ལས་ཀུན་ནས་མི་མཚུངས་པའི་གནས་སྟངས་ཤིག་རེད།

གལ་ཏེ་རྣམ་པར་ཤེས་པ་འདིས་ལས་ཀ་གཏན་ནས་མ་བྱེད་པར་ཁྱགས་རོམ་ལྟར་གནས་ན། གནས་སྟངས་འདི་ནི་སྤོ་ལོའི་རྩེད་མོ་གཞན་དག་ཅིག་ཡིན་མོད། འོན་ཀྱང་ངའི་སེམས་འདི་དེ་ལྟར་གནས་མེད། དེས་ན་སུས་ཀྱང་འགོག་མི་ཐུབ་པའི་སེམས་ཀྱི་གཡོ་འགུལ་གྱི་བྱ་བ་ནི། དཀའ་ཚེགས་དང་བཅས་དངོས་པོ་འཇལ། །མི་འདོད་བཞིན་དུ་རང་ཡུལ་མཐོང་། །ཡིད་སུན་བཞིན་དུ་ཚོར་བ་མྱོང་། །ཡུན་རིང་བགོར་རྗེས་ཤེས་རྟོགས་བྱུང་། །རང་དབང་མེད་པར་ཚོད་དཔག་བྱེད། །རེ་འདུན་བྲལ་བཞིན་གཏན་ལ་འབེབས། དེ་བཞིན་དུ་གཞན་གྱི་གནས་སྟངས་ལ་བསམ་གཞིག་ཐུབ་པར་སྣང་ཡང་བསམ་གཞིག་མི་ཐུབ་པ་སོགས་མང་དུ་ཡོད། དེེར་མ་ཟད། སེམས་འདི་མུ་མཐུད་ནས་དལ་ལྷོད་ངང་གོ་ལོག་ཐེབས་ལ། ལས་སླ་པོའི་ངང་ལོག་པར་རྟོག་པ་ལ་ཞུགས་ཤིང་། རྨོངས་པའི་སྟོབས་ཀྱིས་གོ་རིམ་འཁྲུག་པར་འཛིན་ཏེ། རྟག་ཏུ་སྒོ་ཀུན་ནས་རང་ཉིད་སངས་རྒྱས་སུ་མཇལ་བ་ལ་གེགས་བྱེད། རྣམ་པར་ཤེས་པ་འདི་ནི་སྒོ་ཉར་བྱེད་པའི་སྤྲེའུ་དང་ཀུན་ནས་མཚུངས་ཏེ། སྤྲེའུ་དེས་རང་གི་བདག་པོས་བསླབས་པའི་ལུས་རྩལ་ཏེ་གཞས་འཁྲབ་པ་དང་། རྟིང་ལོག་རྒྱག་སྟངས་སོགས་ཚང་མ་ཤེས་ཀྱང་། རང་གི་སྐེ་ལ་བཏགས་པའི་འཆིང་བྱེད་ཀྱི་ཞགས་པ་བཀྲོལ་བའི་ཐབས་གང་ཡང་མི་ཤེས་པ་ནང་བཞིན་རེད། གལ་ཏེ་ང་ཚོ་ལ་འདམ་ཀ་ཡོད་ན། རྡོའམ་ཤིང་དུམ་ལྟ་བུ་ཞིག་ཏུ་གྱུར་ན་མི་ལེགས་སམ་སྙམ། ཁོ་བོ་འཁྲུལ་ཆས་ཀྱི་མི་ཕི་ལིབ་ཀེ་ཌིཀ་ (Philip K. Dick android) ལྟ་བུའང་ཆགས་འདོད་མེད། གང་ཡིན་ཟེར་ན། ཁོང་ཚོ་ཡང་གཞན་གྱི་མྱོང་ཚོར་ལ་བསམ་གཞིག་བྱེད་པའི་སྡུག་བསྔལ་གྱིས་མནར་བར་སྣང་།

གལ་ཏེ་ངས་རྣམ་པར་ཤེས་པའི་རི་མོ་ཞིག་བྲིས་ན། དེ་ནི་རྨོངས་ཤིང་ཆིག་སྒྲིལ་གྱིས་དབེན་པའི་གནོད་སེམས་ཅན་ཞིག་ཡིན་པར་འབྲི་སྲིད་ཀྱང་། རེ་འདུན་རྩད་ནས་བྲལ་བ་ནི་ག་ལ་ཡིན། རྣམ་པར་ཤེས་པ་འདི་ཧ་ཅང་བེད་སྤྱོད་ཆེན་པོ་ཡོད། བློའམ་རིག་པ་འདི་ཇི་ཙམ་གྱི་སྒྲིབ་བྱེད་ཀྱི་ཤུན་པགས་ཤིག་ཡིན་པ་དེ་ཙམ་གྱི་སངས་རྒྱས་ཀྱི་གོ་འཕང་ལ་འཁྲིད་བྱེད་ཀྱི་ལམ་ཡང་ཡིན། སངས་རྒྱས་ལ་དད་པ་བྱེད་མཁན་ནི་སེམས་རེད་ལ། གང་གི་ཚེ་སེམས་འདིས་སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་པ་ན་དེ་ལས་ཐར་ནས་ངེས་ལེགས་དོན་དུ་གཉེར་བའི་འདུན་པ་སྐྱེ། ནམ་ཞིག་རྣམ་པར་ཤེས་པ་འདི་འཇིག་རྟེན་དང་འབྲེལ་གཏུག་བྱེད་པར་རྩོམ་པ་ན། འཇིག་རྟེན་གྱི་ཁམས་འདིར་ཞུགས་ནས་དེ་ལས་ཕྱིར་མ་ཐོན་བར་དུ། ལྟ་བ། སྣོམ་པ། མྱོང་བ། ཐོས་པ། ཚོར་བ། ཡུལ་ཤེས་པ་དང་། རྩེད་མོ་སྣ་ཚོགས་ལ་རོལ་བ་མ་ཟད། ཁ་དོག་དང་དབྱིབས་སྣ་ཚོགས་ཡུལ་དུ་བྱས་ནས་འཇིག་རྟེན་གྱི་ཁམས་ལ་འཇུག་ལྡོག་བྱེད། མི་གསོད་ལག་དམར་བས་སེམས་ཅན་བསད་ནས་ཁྲག་ཐང་དུ་ལུས་པར་བྱེད་པ་ལྟར། སེམས་འདི་ཕྱོགས་ཀུན་ཏུ་ཁྱབ་ནས་འཛམ་གླིང་དབང་བསྒྱུར་བྱེད་ཙ་ན་དེས་བག་ཆགས་ཤིག་བཞག་གོ །

ནམ་ཞིག་རྣམ་པར་ཤེས་པ་འདི་རྣའི་རྣམ་པར་ཤེས་པའི་ངོ་བོར་གྱུར་ནས་གར་སྟབས་ཤིག་བྱས་ན། བྱ་བ་འདི་ཕྲ་མོ་ཞིག་ཡིན་རུང་སེམས་ཀྱི་ཞབས་མཐིལ་དུ་བག་ཆགས་མཐུག་པོ་ཞིག་འགོ་བར་བྱེད། བག་ཆགས་འདི་ཐོགས་རེག་དང་བྲལ་ཡང་ཅི་ནས་ནུས་ལྡན་ཞིག་ཡིན་ཏེ། ལོ་ངོ་བཅུ་ཕྲག་མང་པོ་འདས་ཟིན་ཀྱང་། ནམ་ཞིག་ངས་འདག་རྫས་པི་ཡར་སི་ (Pears) ཞེས་པ་དེ་བེད་སྤྱོད་བྱེད་ཙ་ན། མེས་པོ་བླ་མ་བསོད་ནམས་བཟང་པོ་དྲན་ལམ་དུ་ལྷང་ངེར་འཆར་བར་བྱེད།  ཁོང་གི་ལག་རས་ཅི་འདྲ་ཡོད་པ་ཁོ་བོས་དྲན་ལམ་དུ་བྱེད་མི་ཐུབ་ཀྱང་འདག་རྫས་ཀྱི་དྲི་མ་དེ་གསལ་པོར་དྲན། དེར་མ་ཟད་ཤུག་པའི་དྲི་མ་དང་། མཁན་པ། དེ་བཞིན་སྤོས་ཀྱི་དྲི་བསུང་རྣམས་ཀྱིས་ཁོང་གིས་ཞོགས་པ་སྔ་མོ་ནས་མཆོད་པ་འབུལ་བཞིན་པའི་གནས་སྐབས་དེ་དག་དྲན་གསོ་སློང་ལ། ནས་ཚིག་པའི་དྲི་མས་ཁོང་གིས་དགོང་མོ་གསུར་བཏང་བའང་དྲན་གསོ་བྱེད། གསུར་གྱི་དྲི་མ་ལོངས་སུ་སྤྱོད་མཁན་རྣམས་ལས་གཅིག་ནི་ཐེའུ་རང་ཡིན་པར་ཡིད་ཆེས་བྱེད། ཐེའུ་རང་ནི་རྩེད་མོའི་ཚུལ་གྱིས་གཞན་གྱི་རྒྱུ་ནོར་སྦ་གསང་བྱེད་པ་ལ་ངན་ལང་ཤོར་བའི་དཀའ་སྡུག་ནང་དུ་ལྷུང་པའི་མིའུ་ཐུང་ཞིག་ཡིན་པར་གྲགས། ཁོང་ཚོ་གཞན་གྱི་རྒྱུ་ནོར་སྦ་གསང་བྱེད་པའི་རྩེད་མོ་དེར་མགོ་འཁོར་ཐག་ཆོད་ནས་བསྐལ་པའི་བར་དུ་ཡང་ཁ་ལག་བཟའ་རྒྱུ་དྲན་པ་བརྗེད་ནས་རྟག་ཏུ་བཀྲེས་སྐོམ་གྱི་སྡུག་བསྔལ་གྱིས་མནར་བར་བཤད།

ངའི་མེས་པོ་ལགས་ནི་རྣལ་འབྱོར་པ་ཞིག་ཡིན། ཁོང་ལ་ཁང་པོ་ཆེན་པོ་དེ་འདྲ་གང་ཡང་མེད་པས། རྒྱུན་དུ་ས་གནས་གཞན་ནས་གཞན་དུ་སྤོ་བཞིན་འཚོ། ཁོང་བཞུགས་སའི་གནས་ཁང་རྣམས་ལས་ངའི་དྲན་ལམ་དུ་ཡོད་པ་ཞིག་ནི། མལ་ཁྲི་ཤོང་ཙམ་གྱི་ཁང་ཆུང་ཞིག་ཡོད་པ་དེ་རེད། མལ་ཁྲིའི་ཟུར་གྱི་གྱང་ངོས་སུ་དཀར་ཁུང་ཞིག་ཡོད་སྟབས་དེའི་ཉེ་འགྲམ་གྱི་ཁང་མིག་གཞན་དུ་གང་ཆགས་ཀྱི་ཡོད་མེད་མཐོང་གི་ཡོད། མི་ཚོགས་རྣམས་གནས་ཁང་དེར་བསྡད་ནས་ཨི་ཁུང་དེ་ནས་བླ་མ་བསོད་ནམས་བཟང་པོ་ལས་ཆོས་ཉན། ཁོང་གནད་ཡོད་མི་སྣ་སོགས་དང་མཇལ་འཕྲད་གནང་དགོས་ཚེའང་དེ་ལྟར་བྱེད་ཀྱི་ཡོད། མཇལ་བཅར་བ་ཚོས་ཨི་ཁུང་དེ་ལས་ཁོང་གསལ་ལ་མི་གསལ་མཇལ།

མི་ཚོས་ཁོང་མི་དཀྱུས་མ་བཞིན་དུ་སྐུ་གཟུགས་ཡོངས་རྫོགས་མལ་ཁྲིའི་སྟེང་ལྷོད་ལ་ཕབ་ནས་ཉལ་གྱི་མེད་པར་བཤད་ཀྱང་། ངོས་རང་རྟག་པར་ཁོང་མ་གཟིམ་གོང་ཉལ་གྱི་ཡོད་སྟབས་གནས་ཚུལ་དེ་གཏན་ཁེལ་བྱེད་མི་ཐུབ། ང་ཞོགས་པ་སྔ་པོ་ཡར་ལངས་པའི་སྐབས་ཁོང་ཡར་བཞེངས་ཚར་ནས་ཞལ་འདོན་གནང་བའམ་སྒོམ་རྒྱག་བཞིན་པ། ཡང་ན་ཐང་ཀ་འབྲི་བཞིན་པ་སོགས་ཕྱག་ལས་གང་རུང་ཞིག་གནང་བཞིན་བཞུགས་ཡོད། བྱ་བ་ཐམས་ཅད་ཁོང་གི་མལ་ཁྲིའི་སྟེང་ནས་མཛད་ཀྱི་ཡོད། ཁོང་གི་སྐུ་ཚེ་སྨད་ཀྱི་སྐབས་སུ་ཁང་པའི་གཡས་གཡོན་དུ་ཞབས་ཐང་ཙམ་ཡང་ཕེབས་པར་དཀོན། ཞོགས་པ་ང་ཚོ་ཚང་མ་ཡར་ལངས་སྐབས་ཁོང་གི་ཞབས་ཕྱི་མཚོ་སྐོ་ལ་ཡིས་ཆུ་ཟོམ་ཆེན་པོ་ཞིག་གི་ནང་དུ་ཆུ་དྲོན་མོ་བཀང་ནས་ཕུལ། མལ་ཁྲིའི་སྟེང་དེ་ཉིད་དུ་པི་ཡར་སི་ (Pears) ཞེས་པའི་འདག་རྫས་བྱུག་ནས་རང་གི་ཞལ་རས་བསིལ། ཁོང་གིས་བེད་སྤྱོད་བྱས་པའི་འདག་རྫས་རྣམས་ལས་འདི་གཅིག་པུ་བདག་གི་དྲན་པར་མཆིས།

ལོ་ལྔ་བཅུའི་རྗེས་སུ་ཡང་། ནམ་ཞིག་སྒོང་དབྱིབས་ལྡན་པའི་ཕྱི་གསལ་ནང་གསལ་གྱི་འདག་རྫས་རྒྱ་སྨུག་པི་ཡར་སི་ (Pears) འདི་མཐོང་ཙམ་གྱི་འདག་རྫས་འདིའི་དྲི་མ་དྲན་ལམ་དུ་བྱེད་ནུས་ཤིང་། དྲི་མ་དེས་ཁོ་བོའི་དྲན་པ་ཐིམ་པུའི་ཁུལ་གྱི་ཧོན་ཤོ་ (Hontsho) རུ་ཡོད་པའི་ཁང་ཆུང་དེར་ཁྱེར་ནས་འགྲོ། དེར་མ་ཟད་དེ་ལས་སྔ་བའི་དུས་དང་ས་གནས་ཀུ་ལི་ཀ་ཏ་ (Kulikata) ཡང་དྲན་གསོ་བར་བྱེད། དེ་བཞིན་ང་ཆུང་དུས་ང་ཚོའི་ནང་ལ་བ་ཕྱུགས་ཁ་ཤས་ཡོད་པས། བ་ཕྱུགས་དང་དེའི་ལྕི་བའི་དྲི་མས་ངའི་བྱིས་པའི་གནས་སྐབས་དེར་ཁྲིད་ནས་འགྲོ། ཡང་བསོད་ནམས་པད་ཚལ་དང་། ལྒ་སྨུག། སི་པན་བཅས་ཀྱིས་བདེ་བ་ཐང་དུ་གུས་པའི་རྨོ་མོ་ལགས་ཀྱིས་འབྲུག་གི་སི་པན་གྱི་སྤོད་རྫས་བཟོ་སར་ཁྲིད་ནས་འགྲོ།

དྲི་མ་ཚང་མས་དྲན་པ་ཡག་པོ་ཁོ་ན་དྲན་སྐུལ་བྱེད་པའི་ངེས་པ་མེད་པ་མངོན་གསལ་རེད། ལོ་མང་པོ་དེ་དག་གི་རྗེས་སུ་ཡང་། རྒྱ་གར་ན་ཡོད་པའི་དུད་ནག་ཕྱུར་བའི་དོས་སྐྱེལ་རླངས་འཁོར་མཐོང་ཙ་ན། ཁོ་བོ་ཕུན་ཚོགས་གླིང་ནས་ཐིན་པུ་བར་དོས་སྐྱེལ་རླངས་འཁོར་རྒྱབ་ཏུ་བཞོན་ནས་འགྲུལ་སྐྱོད་བྱས་པའི་བཟོད་མི་བདེ་བའི་ཚོར་སྣང་དེ་མངོན་དུ་འགྱུར་བར་བྱེད། བར་ཐག་དེ་དེང་སང་ཆུ་ཚོད་བཞིའི་ནང་བགྲོད་ཐུབ་ཀྱང་དེ་དུས་ཉིན་བཞི་འགོར་གྱི་ཡོད། ངས་དེ་འདྲའི་འགྲིམ་འགྲུལ་ཐེངས་ཁ་ཤས་བྱས། གཅིག་བྱས་ན་རླངས་འཁོར་གྱི་དུད་རླངས་ཀྱི་དྲི་མ་དེ་བཟོད་མི་བདེ་བ་ཞིག་ཡོད་པའི་རྒྱུ་མཚན་ནི། གུས་པ་ཆུང་དུས་སྤྲུལ་སྐུ་ངོས་འཛིན་བྱས་མ་ཐག་རང་གི་མེས་པོ་དང་མེས་མོ་ལས་ཁ་བྲལ་དགོས་ཁེལ་བས་ཡིན་སྲིད། ཁོང་རྣམས་སྐྱེལ་མའི་ཆེད་དུ་ང་དང་ལྷན་དུ་་ཉིན་གཅིག་གོམ་འགྲོས་བྱས་ནས་དོས་སྐྱེལ་རླངས་འཁོར་ཐེར་ཐེར་ཞིག་སྒུག་བཞིན་པའི་རྒྱལ་ལམ་ཉེ་ཤོས་བར་སླེབས་བྱུང་། གུས་པ་དུད་རླངས་སྤྲིན་ལྟར་ཕྱུར་བཞིན་པའི་དོས་སྐྱེལ་རླངས་འཁོར་དེའི་ནང་དུ་ཞུགས་ནས་རྨོ་མོ་ལགས་ལམ་ཟུར་དུ་ངུ་བཞིན་པའི་སྣང་བ་ཇི་ཡལ་ཇི་ཡལ་སོང་བཞིན་ས་གནས་དེ་ནས་ཐོན་པ་ཡིན།

བླ་མ་དམ་པ་སོ་སོ་ལ་ཐུན་མོང་མ་ཡིན་པའི་དྲི་བསུང་ཞིག་བྲོ་བར་གྲགས། ཁོང་རྣམས་ཀྱིས་གཞན་ལ་གནོད་པ་གཞི་དང་བཅས་པ་སྤངས་ནས་གཞན་དོན་ཁོ་ནར་བརྩོན་པའི་བྱིན་རླབས་ཀྱི་ནུས་པ་དེ་ཧ་ཅང་ཆེ་བས། ཚུལ་ཁྲིམས་རྣམ་པར་དག་པ་དེ་ཉིད་དྲི་བསུང་གི་ངོ་བོར་ཕྱིར་ཐོན་པར་ཡིད་ཆེས་བྱེད། དེ་ལྟ་བུའི་ཡ་མཚན་ཅན་གྱི་དྲི་བསུང་ཞིག་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་གཟིམ་ཆུང་ནས་ལྡང་། ༧སྐྱབས་རྗེ་རིན་པོ་ཆེ་ཁོང་ནི་སྨིན་གྲོལ་གླིང་གི་བརྒྱུད་པ་ནས་དར་བའི་བདུག་སྤོས་དར་སྤེལ་བ་ཆེ་ཤོས་དེ་ཡིན། ཁོང་གི་འདག་རྫས་རིགས་མི་འདྲ་བ་དང་། ངོ་སྣུམ་འདྲ་མིན་བེད་སྤྱོད་གནང་བས། ལྕགས་སྒམ་སྒོར་མོ་ཆུང་ཆུང་སྔོན་པོ་ཞིག་གི་ནང་དུ་ཡོད་པའི་ནི་ཝི་ཡ་ (Nivea) མིང་ཅན་གྱི་ངོ་སྣུམ་དང་། སྦུ་གུ་ཆུང་ཆུང་ཞིག་གི་ནང་དུ་ཡོད་པའི་བྷོ་རོ་ལིན་ (Boroline) མིང་ཅན་གྱི་ངོ་སྣུམ་གཉིས་རྟག་ཏུ་ཡོད། དེ་བཞིན་དུ་བཀའ་དབང་རྫོགས་རྒྱུ་མེད་པ་གནང་བ་དང་ཚོགས་པ་བསྟུད་མར་ཚོགས་པའི་སྐབས་སུ་སྤོས་ཡང་ཡང་སྤར་དགོས་པས། གནས་ཁང་ནང་དུ་དྲི་ཞིམ་གཞན་དང་གཞན་གྱིས་ལོས་ཁྱབ་ཡོད། འོན་ཀྱང་གཞན་དང་གཏན་ནས་མི་འདྲ་ཞིང་། འགྲེལ་བརྗོད་དཀའ་བའི་དྲི་ཞིམ་དེ་ནི་དྲི་བསུང་འབྱིན་པའི་དངོས་རྫས་དེ་དག་ལས་བྱུང་བ་ཞིག་ག་ལ་ཡིན། ཁོང་གང་དུ་ཕེབས་ན་ཡང་དྲི་བསུང་དེ་བྱུང་སྟེ། དེ་ཡང་ཀ་ཐ་མན་གྲུའི་ (Kathmandu) མོ་ཊའི་ནང་ཡིན་ཡང་འདྲ། དེ་བཞིན་རྒྱ་གར་གྱི་མེ་འཁོར་འབབ་ཚུགས་ཀྱི་རྐུབ་སྟེགས་སྟེང་དུ་ཡིན་ན་ཡང་ཁོང་ཡོད་ན་ཁོང་གི་དྲི་ཞིམ་དེ་ཉུང་མཐར་ཡང་དུས་ཐུང་ངུ་ཞིག་གི་རིང་ཚོར་ཐུབ། དྲི་བསུང་དེ་ཁོང་གི་ན་བཟའ་ཡོངས་ལ་ཁྱབ་ནས་ཡོད། ཁོང་དགོངས་པ་རྫོགས་ནས་ལོ་མང་སོང་རྗེས་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་ཞེ་ཆེན་དགོན་པར་འགྲོ་སྐབས་ཁོང་གི་གཟིམ་ཆུང་དུ་ཕྱིན་ནས་གཞན་གྱི་མ་ཚོར་བར་རིན་པོ་ཆེ་ཁོང་གི་གཟིམ་ཁྲིད་ལ་དྲི་མ་ཞིག་བསྣམས་པ་ཡིན།

ཉེ་ཆར་ང་ཕྰ་རན་སི་ (France) ཡི་ས་གནས་ལ་སོ་ནེ་རི་ (La Sonnerie)  ལ་ཕྱིན་པ་ཡིན། ས་གནས་དེར་རིན་པོ་ཆེ་མཆོག་ནས་གསུང་ཆོས་མང་པོ་བསྩལ་ཡོད། ཁོང་གི་གཟིམ་ཆུང་གི་གཟིམ་ཆས་རྣམས་ཕལ་ཆེར་རིན་པོ་ཆེ་དུས་ཡུན་ཐུང་ཐུང་ཞིག་གི་རིང་ཕྱིར་ཕེབས་པ་བཞིན་དུ་སྔར་དང་ཆ་མཚུངས་པར་ཉར་ཚགས་བྱས་འདུག གུས་པ་གཟིམ་ཆུང་དུ་འཛུལ་བ་དང་ཁོང་གི་གཟིམ་ཁྲིའི་སྟེང་ལ་གུས་ཞབས་ཀྱིས་ཐོད་པ་ཐུག་པས། དེ་མ་ཐག་ལོ་སུམ་ཅུའི་རྗེས་སུ་སླར་ཡང་སྔར་གྱི་ཚུལ་ཁྲིམས་ཀྱི་དྲི་བསུང་དེའི་དྲན་པ་དེ་མངོན་དུ་གྱུར། གཅིག་བྱས་ན་དེ་ནི་ངའི་སེམས་ཀྱི་འཆར་སྣང་ཙམ་ཡིན་སྲིད། འོན་ཀྱང་དྲི་ཞིམ་དེ་དྲན་ཙམ་གྱིས་རྨོངས་པའི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་སུ་ཇི་ལྟར་འཁྱམས་ཉུལ་བྱེད་ཀྱང་རང་ཉིད་སངས་རྒྱས་ཡིན་པར་དྲན་གསོ་བར་བྱེད།

གལ་ཏེ་སུ་ཞིག་གིས་སྒྲིབ་བྱེད་ཕྱི་ཤུན་དེའི་མདུད་པ་རྣམས་བཤིག་ནས་ལམ་གྱི་ངོ་བོར་བེད་སྤྱོད་བྱས་ན། ཤུན་པགས་འདིས་ང་ཚོ་ཐར་པའི་གོ་འཕང་ལའང་འཁྲིད་ནུས།  གྲུབ་ཆེན་ས་ར་ཧའི་ལད་མོ་བྱས་ནས་སྒྲིབ་བྱེད་ཕྱི་ཤུན་དུ་སྣང་ཡང་རིན་ཆེན་གྱི་ངོ་བོར་གྱུར་པའི་སེམས་དེ་ལ་ཕྱག་འཚལ་བར་བགྱིའོ།།