ལེའུ་བཅུ་པ། ཨ་མ།

རྩོད་པ་རྩོད་བཞིན་པ།

ང་ལོ་བཅུ་ཕྲག་གཉིས་པའི་ནང་དུ་སོན་སྐབས་ནང་ཆོས་ཀྱི་ལྟ་གྲུབ་ལ་ལོ་ངོ་བཅུ་ཙམ་རིང་སློབ་སྦྱོང་བྱས་མོད། འོན་ཀྱང་སློབ་སྦྱོང་དེ་ཙམ་ཤེས་མ་ཐུབ། དེ་ལྟར་ན་ཡང་རྒྱུ་མཚན་གྱི་རྗེས་སུ་འབྲང་བའི་དོགས་ཟོན་ཅན་གྱི་བསམ་བློའི་འཁྱེར་སོ་ཞིག་རང་རྒྱུད་ལ་སྐྱེ་འཕེལ་བྱས་ནས་རང་བློ་སྔར་ལས་གུ་དོག་པར་གྱུར། སློབ་སྦྱོང་དེས་རང་རྒྱུད་ལ་ང་རྒྱལ་སྤེལ་བ་མ་ཟད། དག་པའི་སྣང་བ་ཡང་ལོང་བར་བྱས་པས། གུས་པ་ལྟས་བཟང་ངན་དང་། བྱིན་རླབས། དེ་བཞིན་རྨོངས་དད་སོགས་ལ་ཡིད་གཉིས་ཟ་བའི་དོགས་འཆར་རིང་ལུགས་འདི་ལ་ཡིད་མོས་ཆེས་ཆེར་སྐྱེས་ཤིང་དེ་ཉིད་རྣམ་དག་ཏུ་འཛིན་པར་བརྩམས། དེ་སྐབས་ངས་ཨེ་རིཀ་ཕོ་རོམ་ (Eric Fromm) དང་ནི་ཅི་ (Nietzsche) གཉིས་ཀྱི་སྐོར་ཤེས་རྟོགས་བྱུང་ཡོད་ན། ཕལ་ཆེར་བདག་གིས་ཁོང་གཉིས་སངས་རྒྱས་ཤཱཀྱ་ཐུབ་པ་དང་གཅིག་མཚུངས་སུ་བརྩི་འཇོག་བྱེད་ངེས།

ངོས་རང་ས་སྐྱ་མཐོ་སློབ་ཏུ་སློབ་སྦྱོང་བྱེད་བཞིན་པའི་སྐབས་པ་ལགས་ཀྱིས་ཚད་མའི་གཞུང་དང་། ལྟ་གྲུབ་རིག་པ་འདི་དག་སྦྱངས་ནས་དུས་ཚོད་ཆུད་ཟོས་སུ་གཏོང་གི་ཡོད་སྐོར་བཤད་དེ་གཤེ་གཤེ་ཡང་ཡང་བཏང་མྱོང་། དེ་སྐབས་རྒྱུ་མཚན་གང་གི་ཕྱིར་བཀའ་བཀྱོན་གཏོང་གི་ཡོད་པ་ངས་གཏན་ནས་ཤེས་མ་སོང་། ཨ་ཕ་གཞན་སུ་འདྲ་ཞིག་ཡིན་རུང་རང་གི་ཤ་ཁྲག་ལས་ཕྱེས་པའི་བུས་སློབ་སྦྱོང་ལ་ཧུར་བརྩོན་བྱེད་བཞིན་པ་མཐོང་ཐོས་སུ་གྱུར་ཚེ་དགའ་ངེས་ཅན་རེད། ལོ་མང་པོའི་རྗེས་སུ་རྒྱུ་མཚན་རྣམས་ཁ་གསལ་དུ་གྱུར་ཏེ།  བཀའ་བཀྱོན་དེ་ནི་གང་ལ་རྒྱུ་མཚན་རིང་ལུགས་ཀྱི་རྨོངས་ཆའམ་ཉེས་ཆ་ལ་རྒྱུས་མངའ་ཆེ་ཞིང་། དམ་ཆོས་ཀྱི་ཉམས་ལེན་གྱི་མྱོང་བ་ལ་དད་འདུན་ཆེ་བའི་སྐྱེས་བུ་ཞིག་ལས་བྱུང་བ་ཞིག་རེད།

དེས་ན་རྒྱུ་མཚན་གྱིས་ར་སྤྲོད་མི་ནུས་པའི་དངོས་པོའི་ཆོས་རྣམས་ལ་དམའ་འབེབ་བྱེད་པའི་གོམས་གཤིས་ཤིག་རང་རྒྱུད་ལ་འཇགས་རྒྱུ་འགོ་བཙུགས། འོན་ཀྱང་ཙི་ཙི་ཞིག་གིས་རྐྱེན་བྱས་པ་ལ་བརྟེན་ནས་གོམས་གཤིས་དེ་རང་ཡལ་དུ་ཕྱིན་སོང་།

འབིར་ལ་ཡོད་པའི་བླ་བྲང་རྙིང་པ་འཛུགས་བསྐྲུན་བྱེད་བཞིན་པ། པར་མལ་ཝཊ་སན་གྱིས་ལེན།

ཕྱི་ལོ་ ༡༩༩༠ ཡི་ནང་བདག་གིས་རྒྱ་གར་འབིར་དུ་རྫོང་སར་བཤད་གྲྭ་གསར་བཞེངས་བྱེད་བཞིན་པ་ཡིན། ད་ཆ་དགོན་པ་དེ་ཉིད་སྔར་ལས་གནས་གྱུར་ནས་རི་དྭགས་ཀྱི་ཚལ་ (Deer Park) ཞེས་པར་གྱུར་ཡོད། དེ་སྐབས་ང་ཚོའི་གནས་སྟངས་ཤིན་ཏུ་སྐྱོ་བའི་སྒང་ཡིན། སྐབས་ཤིག་ངའི་དངུལ་ཁུག་ནང་དུ་ཁ་དོག་ལྗང་ཁུ་ཡིན་པའི་སྒོར་མོ་ལྔའི་ཤོག་བྱང་ཞིག་ལས་མེད། ང་ཚོ་ཨ་རི་གཞུང་གིས་བཙན་བྱོལ་བོད་མི་ལ་རྒྱབ་སྐྱོར་གནང་བའི་འབྲུ་ཞིབ་དང་གྲོ་ཞིབ་ཀྱི་ཟས་རིགས་ལ་བརྟེན་ནས་རང་གི་འཚོ་བ་བསྐྱལ་ནས་བསྡད།  འབྲུ་ཞིབ་དང་གྲོ་ཞིབ་དེ་དག་ལག་གཉིས་འཁྱུད་པའི་པར་རིས་སྦྱར་བའི་སྒྱེ་སྣོད་ཅིག་གི་ནང་མཁོ་སྤྲོད་བྱས། ཟླ་བ་གཅིག་གི་རིང་གྲྭ་པ་ཉི་ཤུ་རྩ་ལྔའི་ཟས་ཀྱི་ཆེད་སྒྱེ་སྣོད་བཅུས་འདང་གི་ཡོད།

ལས་འཆར་རྣམས་མུ་མཐུད་པར་མ་དངུལ་མེད་སྐབས་དངུལ་མཁོ་སྒྲུབ་མ་བྱུང་བར་དུ་ལས་མཚམས་བཞག  “གཅིག་ཆགས་འགྲོ་ཡི་རེད” ཅེས་པ་ནི་དེ་སྐབས་ཀྱི་ང་ཚོའི་སྤྱི་ཚོགས་ཀྱི་སེམས་ཀྱི་འཁྱེར་སོ་ཞིག་ཡིན་པས། ང་ཡང་འཁྱེར་སོ་དེ་ལ་བསྟེན་ནས་བསྡད་པ་ཡིན། དུས་དང་བསྟུན་ནས་དེ་འདྲའི་འཁྱེར་སོ་དེ་ཡང་རིམ་བཞིན་ཡལ།

དོན་ངོ་མར་དངུལ་མེད་པར་གྱུར་པའི་དུས་ཚོད་དེ་གོ་སྐབས་ཡག་པོ་ཞིག་རེད། གང་ཡིན་ཟེར་ན། དུས་དེ་དག་གི་རིང་མཚམས་བསྙེན་སྒྲུབ་བྱ་རྒྱུའི་གོ་སྐབས་ཟིན་ཆོག  ཐེངས་ཤིག་ཟླ་བ་གཅིག་གི་རིང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་བསྙེན་མཚམས་བསྡད་པ་ཡིན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ནི་ཁོ་མོའི་མཛད་རྗེས་ལ་བརྟེན་ནས་བོད་པ་སྤྱི་དང་ལྷག་པར་རྙིང་མ་བ་ཚོས་གུ་རུ་རིན་པོ་ཆེ་དང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་དབྱེར་མེད་པའི་དད་འདུན་འཆང་དགོས་པའི་གུ་རུ་རིན་པོ་ཆེའི་གསང་ཡུམ་ཡིན། བསྙེན་མཚམས་གྲུབ་ནས་མཆོད་ཁང་གཙང་མ་བཟོ་བའི་ཚེ། ཧ་ལས་དགོས་པ་ཞིག་ལ་གཏོར་མའི་རྒྱབ་ངོས་ཚང་མ་ཙི་ཙིས་བཟས་ཚར་འདུག ཙི་ཙི་དེ་ནི་ཤིན་ཏུ་ཐབས་ལ་མཁས་པ་ཞིག་སྟེ། ཞིབ་ཚགས་ལ་སྤུས་དག་པ་ཞིག་རེད། བདག་གིས་ཟླ་བ་གཅིག་ཚ་ཚང་གཏོར་མ་དེར་བལྟས་ནས་བསྡད་ཀྱང་། ངས་མ་ཚོར་བའི་ཆེད་དུ་གཏོར་མའི་མདུན་ལ་སྐྱོན་གཏན་ནས་མ་ཤོར་བར་བཟས་འདུག

༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་བླངས་པའི་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེའི་བརྙན་པར།

རྒྱུ་མཚན་ལ་མོས་པའི་ངའི་སེམས་ཀྱིས། འདི་ནི་ཙི་ཙི་ཞིག་ཡིན་པས། ཁོ་ལ་དགོས་པ་ནི་ཟས་རེད། ངའི་མཆོད་ཁང་དེ་རྟེན་སྒམ་གྱི་ནང་མ་ཡིན་པར་ཕྱི་རོལ་དུ་ཁ་ཕྱེ་ནས་ཡོད་པས། ཙི་ཙིས་གཏོར་མ་བཟས་པར་ཧ་ལས་རྒྱུ་ཅི་ཡོད་བསམས། དེ་ནས་ཉིན་ཞིག་ལྟས་མཁན་གྱི་རྒྱལ་པོ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་སླེབས་ནས་རང་གིས་རྒྱུན་དུ་བཤད་པའི་ལྟས་བཟང་ངན་གྱི་སྐོར་བཤད་སྐབས།  ངའི་གཏོར་མ་ཙི་ཙིས་བཟས་པའི་སྐོར་བཤད་ཡིན། ཁོས་གོ་རྒྱུ་མེད་པའི་སྐད་ཆ་རྣམས་བཤད་མཚམས་བཞག་ནས། མི་འདོད་པའི་རྣམ་པ་དང་བཅས “འདི་ལྟས་སྡུག་པོ་རེད” ཅེས་ཁ་རི་ཁ་ཐུག་བཤད་བྱུང། ས་གནས་གཅིག་ཏུ་སྡོད་མི་ཚུགས་པའི་ལྟས་མཁན་གྱི་ཐད་བཤད་འདི་ལྟ་བུ་ཐོས་ན་དོགས་འཆར་རིང་ལུགས་དམ་འཛིན་བྱེད་པའི་རིགས་པའི་རྗེས་འབྲང་བ་སུ་ལ་ཡང་རྣམ་རྟོག་ཅིག་ཤར་ངེས།

ཉིན་གཉིས་ཀྱི་རྗེས་སུ་འབྲུག་རྒྱལ་བཞི་པའི་སྒེར་དྲུང་དྲག་ཤོས་པདྨ་དབང་ཆེན་གྱིས་འབྲུག་ནས་ཁ་པར་འབྱོར། དེ་དུས་སུ་ལ་ཡང་ཁ་པར་འབྱོར་བ་ནི་གནད་དོན་ཧ་ཅང་ཆེན་པོ་ཞིག་རེད། ལོ་གཅིག་གི་ནང་ཁ་པར་ཐེངས་མ་གསུམ་བཞི་ཙམ་ལས་ཁ་མི་གྲགས། བྷེ་ཇི་ན་ཐ་ (Baijnath) ལྟ་བུའི་ཉེ་སར་ཁ་པར་བཏང་དགོས་ནའང་ཁ་པར་གཏང་སར་ཕྱིན་ནས་ཆུ་ཚོད་ཁ་ཤས་སྔོན་དུ་དུས་ཚོད་སྒྲིག་དགོས། གཞན་སུས་ཀྱང་གནས་ཚུལ་དེ་ང་ལ་བཤད་མ་ཕོད་པས། དྲག་ཤོས་ཁོང་ལ་ཞུས་ནས་གནས་ཚུལ་དེ་ཁོ་བོར་བཤད་དུ་བཅུག་པ་ཕྱིས་སུ་ཤེས་བྱུང་།

ཁ་པར་དུ་དྲག་ཤོས་ཀྱི་གསུང་སྐད་ཧ་ཅང་གཙང་མ་གོ་བ་མ་ཟད། ཁོང་གི་བཤད་རྒྱུའི་གནས་ཚུལ་དེ་ཡང་ཁ་གསལ་ལ་གོ་བདེ་བ་ཞིག་རེད། “ཁྱེད་ཀྱི་ཨ་མ་འདས་གྲོངས་སུ་ཕྱིན་སོང་།”

ངའི་ཨ་མའི་ཉམས་ལེན་གྱི་གཙོ་བོའམ་ཉམས་ལེན་གཅིག་པུ་དེ་ནི། ཁོ་བོས་སྒྲུབ་པ་བྱས་པའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་བསྙེན་སྒྲུབ་ཀྱི་ཉམས་ལེན་འདི་ཉིད་རེད། གནས་དེ་དང་དུས་དེ་ཉིད་དུ་ངའི་དོགས་ཟོན་ཅན་གྱི་སེམས་དེ་ལ་འཕོ་འགྱུར་ཞིག་སླེབས་སོང་། དུས་དེ་ནས་བཟུང་ང་ནི་ཡིད་ཆེས་རིང་ལུགས་པ་ཞིག་ཏུ་གྱུར་ནས། ད་ལྟ་ཁོ་བོར་མངའ་བའི་གཤིས་ཀ་འདི་ནི་ངའི་མི་ཚེ་ནང་གི་འགྱུར་ལྡོག་རྣམས་ལས་ཆེས་ཆེ་ཤོས་དེ་ཡིན། ད་ནི་ངོས་རང་དངོས་པོའི་ཆོས་ཀུན་ལ་རྨོངས་དད་ཀྱི་རྣམ་རྟོག་འདྲ་མིན་སྐྱོང་བའི་བདག་ཉིད་དུ་གྱུར་ཡོད་པས། ང་ག་ཞིག་ཆས་པར་རྩོམ་པ་ན། སུ་ཞིག་གིས་ཟོམ་སྟོང་པ་ཞིག་ཁྱེར་ནས་འགྲོ་བ་མཐོང་ན་དེས་ཀྱང་ང་ལ་གནོན་ཤུགས་སྤྲོད། ནམ་ཞིག་ང་ནིའུ་ཡོག་ (New York) དང་ནིའུ་ཨོར་ལེན་ (New Orleans) ལྟ་བུའི་བྲེལ་ཚབ་ཅན་གྱི་རྒྱལ་ལམ་དུ་གོམ་བགྲོད་བྱས་ནས་འགྲོ་བ་ན། ཤོག་བག་གི་ལམ་ནས་མ་འོངས་སྔོན་ལྟས་དང་། མངོན་ཤེས་སྨྲ་བ། དེ་བཞིན་རྩིས་པ་རྣམས་མཐོང་དུས་དེ་མ་ཐག་ཏུ་དེ་དག་ལ་བློ་གཏད་ཤོར། ལེགས་ཕྱོགས་ཤིག་ཞུས་ན། ཕྱི་ལོ་ ༢༠༡༧ ལོར་ཅོན་ཏ་ར་ལ་སྒྲོལ་ཆོག་ཚོགས་གྲུབ་རྗེས་ཕྲུ་གུ་ཞིག་གིས་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་ཞིག་བྲིས་ནས་ང་ལ་སྤྲད་བྱུང་། འོན་ཀྱང་ཁོས་རྗེ་བཙུན་སྒྲོལ་མ་དེ་ཉིད་གུ་རུ་རིན་པོ་ཆེ་དང་འདྲ་བར་མཐོང་བའི་ཆེད་དུ་ཁ་སྤུ་བྲིས་འདུག ངའི་ཁོག་རྒྱ་ཆུང་བའི་སེམས་པ་འདི་གཏིང་ནས་དགའ་བས། དེ་སྐབས་ངས་རྗེ་བཙུན་སྒྲོལ་མ་གུ་རུ་རིན་པོ་ཆེ་ཡིན་དང་ཡིན་དྲན་སོང་། དེས་ན་ད་ཆ་ངའི་གནས་བབས་འདི་ལྟ་བུ་ཞིག་ལ་སླེབས་ཡོད། ཙི་ཙི་འདི་བཀའ་དྲིན་ཆེ་སོང།

སར་ཏེ། Sartre

ལོ་དེ་དག་གི་ནང་དུ་རྟགས་དང་རྒྱུ་མཚན་གྱི་གཤོག་པའི་སྟེང་དུ་བཞོན་ཅིང་། ཉིད་ཀྱི་བློ་རྩལ་ཁྲའི་མིག་ལས་ཀྱང་གསལ་བ་དང་མྱུར་བར་རློམ་པའི་དོགས་འཆར་རིང་ལུགས་ལ་དགའ་ཞེན་ཅན་གྱི་དོ་བདག་དུ་མ་དང་ཕྲད། ལོ་མང་པོའི་རྗེས་སུ་དོགས་ཟོན་རིང་ལུགས་ལ་དགའ་བའི་སྐྱེ་བོ་དེ་དག་འཇིགས་སྣང་གིས་ཁེངས་ཤིང་། རེ་འདུན་བྲལ་ནས་འཆི་ཁའི་མལ་ཁྲིའི་སྟེང་དུ་ཉལ་ནས་ལུས་སྐབས། བདག་ལ་མངའ་བའི་ཤེས་འདོད་དྲག་པོ་ནི། སར་ཏེ་ (Sartre) དང་ཁེ་མ་སེ་ (Camus) ལྟ་བུའི་མོས་སྤྱོད་ཀྱི་ལྟ་གྲུབ་སྨྲ་བའི་སྐྱེས་བུ་རྣམས་ཀྱིས་འཆི་དུས་ཀྱི་གནས་སྐབས་འདི་ལ་ཇི་ལྟར་བལྟས་ཡོད་དམ་སྙམ་པ་དེ་རེད། རིགས་པའི་རྗེས་འབྲང་པ་ཚོས་ཁ་རྣོ་བའི་དོགས་ཟོན་ཅན་གྱི་རིག་པ་འདིས་རང་ཉིད་གང་དུ་ཞུགས་པའི་རྒྱུ་མཚན་རིང་ལུགས་འདི་ཉིད་ལའང་དོགས་ཟོན་གྱི་རྒྱུ་མཚན་དེ་དག་བེད་སྤྱོད་བྱས་ཏེ་དཔྱད་པ་ཞུགས་མྱོང་མེད།

སངས་རྒྱས་བཅོམ་ལྡན་འདས་ནི་ལས་འབྲས་ཀྱི་འཆིང་བ་ལས་གྲོལ་བས། རྒྱལ་པོ་ཟས་གཙང་མ་རང་གི་ཡབ་ཆེན་དང་། སྒྱུ་མ་ལྷ་མཛེས་རང་གི་ཡུམ་ཆེན་དུ་བདམས། འོན་ཀྱང་ང་ཚོ་ནི་ལས་འབྲས་ཀྱི་དབང་དུ་ཚུད་པས། རང་གི་ཕ་མ་ལ་གདམ་ཀ་བྱ་རྒྱུ་ག་ལ་ཡོད། འཕྲིན་ལས་ནོར་བུ་དང་འཇམ་དབྱངས་ཆོས་སྒྲོན་གཉིས་ངས་གདམ་ཀ་མ་བྱས་ཀྱང་ལས་འབྲས་དབང་བཙན་པའི་རྐྱེན་གྱིས་ངའི་ཕ་མར་གྱུར་པ་རེད། སྐྱེ་བུ་གང་ཞིག་རང་གི་ཕ་མ་ཡིན་པ་ཙམ་གྱིས་དེ་རྣམས་ལ་དགའ་ཞེན་ཡོད་པ་དང་། ཁོང་རྣམས་ཀྱིས་ཀྱང་རང་ལ་དགའ་མོས་བྱེད་པའི་ངེས་པ་གང་ཡང་མེད། འོན་ཀྱང་ཚང་མས་ཕ་མ་དང་ཕྲུ་གུའི་བར་བརྩེ་དུང་དང་དགའ་ཞེན་དགོས་པའི་རེ་འདུན་བྱེད། འཛམ་གླིང་ནང་ཁྱིམ་གྱི་རྙོག་དྲ་ཕྱེད་ཀ་ཚང་མ་དགོས་མཁོ་མེད་པའི་རེ་འདུན་རྣམས་ལས་བྱུང་བ་རེད། ལས་འབྲས་ལ་ཡིད་ཆེས་བྱེད་རྒྱུ་བཞག་ནས། ཕ་མས་ཕྲུ་གུ་ལ་བྱམས་སྐྱོང་དང་ཕྲུ་གུས་ཕ་མ་ལ་དགའ་ཞེན་དགོས་པའི་ཚོད་དཔག་རྣམས་ལ་ཡིད་ཆེས་བྱེད། ཚོད་དཔག་དེ་ལས་བྱུང་བའི་གྲུབ་འབྲས་ཡག་ཤོས་ནི། སེམས་ཁམས་རིག་པའི་གསོ་དཔྱད་མང་པོ་ལ་ལས་ཀ་བསྐྲུན་པ་དེ་རེད། ངོས་རང་ཉིད་ཀྱང་རང་གི་ཕ་མ་ལ་ཡོད་པའི་རེ་འདུན་དང་ཚོད་དཔག་གི་བཙོན་རར་ཚུད་པའི་བཙོན་པ་ཞིག་ཡིན།

ཨ་མ་ལགས་དང་མཉམ་དུ་བསྐྱལ་རྒྱུ་བྱུང་བའི་གནས་སྐབས་ཀྱི་དྲན་པ་རྣམས་དུས་ཀྱི་འཕེལ་རིམ་དང་བསྟུན་ནས་སྐྱེས་འཕེལ་བྱས། སྒོས་སུ་ཨ་མ་ལགས་འདས་གྲོངས་སུ་གྱུར་པའི་རྗེས་སུ་དྲན་པ་རྣམས་མངོན་གསལ་དུ་གྱུར་ཆེ། ང་ལོ་བརྒྱད་ཀྱི་རྗེས་སུ་ཁོང་དང་མཉམ་དུ་བསྐྱལ་བའི་དུས་ཚོད་ཁྱོན་བསྡོམས་ན་ཟླ་བ་འགའ་ཤས་ལས་མེད། ཕ་མ་དང་མཉམ་དུ་ནང་མི་མཉམ་འཛོམས་ཀྱི་གླིང་ཁ་གཏོང་སར་ཕྱིན་པ་ག་ལ་དྲན། དེ་སྐབས་རིན་པོ་ཆེར་གྱུར་པའི་དོན་ནི། ཕ་མ་དང་ཁ་བྲལ་ནས་བློ་ཐག་རིང་པོར་འགྲོ་རྒྱུ་དེ་རེད།  དེང་སང་གི་སྤྲུལ་སྐུའི་མི་ཚེ་ནི་ཕ་མ་ལ་དབང་ཞིང་། ཁོང་རྣམས་གུང་སེང་མཉམ་པོ་གཏོང་བ་དང་། རྒྱུན་དུ་ཕ་མ་དང་མཉམ་དུ་གནས་སྡོད་བྱེད་ཅིང་། བློ་མ་བདེ་བ་ཞིག་ལ། ཁོང་ཚོས་ཡི་ཤུའི་འཁྲུངས་སྐར་དང་། ཐུགས་རྗེ་ལེགས་འབུལ་ལྟ་བུའི་དུས་ཆེན་ཡང་སྲུང་བརྩི་ཞུ།  ང་ཚོའི་ནང་ལ་ཐུགས་རྗེ་ལེགས་འབུལ་དང་། ནང་མི་མཉམ་འཛོམས་ལྟ་ཞོགས། ལོ་གསར་ལྟ་བུའི་དུས་ཆེན་ཡང་ནམ་ཡང་བརྩི་སྲུང་བྱེད་སྲོལ་མེད། ང་ཚོའི་ནང་མི་ཀུན་ལྷན་འཛོམས་ཀྱི་རུ་པར་གཅིག་ཀྱང་མེད།

ང་ནི་བུད་མེད་ཀྱི་ཐོབ་ཐང་ལ་བསམ་གཞིག་གཏན་ནས་མི་བྱེད་པའི་ཕོ་གཙོ་རིང་ལུགས་ཀྱི་སྤྱི་ཚོགས་ནང་འཚར་ལོངས་བྱུང་ཡང་། སྤྱི་ཚོགས་དེའི་ཕྱི་རོལ་གྱི་འཛམ་གླིང་གང་སར་བགྲོད་པ་ལ་བརྟེན་ནས་ཁོ་བོའི་སེམས་ནང་དུ་ཕོ་མོའི་དབྱེ་འབྱེད་རིང་ལུགས་དེ་ཡག་པོ་མིན་པ་དང་། བུད་མེད་རྣམས་ལ་སེམས་གཏིང་ནས་བརྩི་མཐོང་ཞིག་སླེབས་སོང་། གུས་པའི་ཨ་མ་ལ་མཚོན་ན། ནམ་ཡང་ཁོ་མོ་ལ་ངའི་སྐོར་ཐག་གཅོད་གང་བྱེད་དགོས་མིན་གྱི་ཐོབ་ཐང་གཏན་ནས་སྤྲད་མེད། ཁོ་མོའི་བུ་ཕྲུག་དང་པོ་སྟེ་གུས་པ་ལས་རིགས་གང་ལས་གནས་ནས་བསྐྲད་པ་དང་། རྩ་དགོངས་ཞུ་སའི་གདམ་ཀ་མེད་པའི་སྤྲུལ་སྐུའི་གོ་གནས་སུ་བརྫངས་ཟིན་ན། ཁོ་མོ་ལའང་བྱ་ཐབས་གང་ཡོད། དགའ་ཡོད་དམ་ཅི། ང་སྤྲུལ་སྐུར་ངོས་འཛིན་བྱས་ནས་ཁོ་མོ་ལས་ཐག་རིང་སར་འཁྲིད་པར་རྩོམ་པ་ན། དེ་ལ་ཁ་གཏད་གང་ཡང་མ་བྱས་ཀྱང་། ཁོ་མོར་རང་གི་བསམ་ཚུལ་བཤད་པའི་གོ་སྐབས་ཀྱང་བྱིན་མེད། དེ་སྐབས་ཕ་མ་ཚོས་རང་གི་བུ་ཕྲུག་སྤྲུལ་སྐུ་ཡིན་ན་དེ་ལ་བཤད་ས་གང་ཡང་མེད། ཕྲུ་གུ་ཕྱིན་ཟིན།

ང་ལ་དྲན་པ་ཅུང་ཙམ་ཡོད་པ་ནི། རྒྱུན་དུ་པ་ལགས་ཨ་མའི་ཆེད་དུ་དུས་ཚོད་སྐྱེལ་ལོང་མེད་པས་ཁོ་མོ་ཁེར་རྐྱང་གནས་ཤིང་། ཕྲུ་གུ་ཆུང་བ་གཉིས་གཞི་རྩའི་ཆ་ནས་ཨ་མ་གཅིག་པུས་གསོ་སྐྱོང་བྱས། ཁོ་མོའི་མི་ཚེ་ཅི་འདྲ་ཞིག་བསྐྱལ་ཡོད་མེད་ཚོད་དཔག་ཅིག་བྱས་ན། ཁོ་མོ་ནི་རུང་བ་དང་རུང་བ་མ་ཡིན་པའི་ལས་ལ་ཧ་ཅང་ཡིད་ཆེས་བྱེད་པའི་སྤྱི་ཚོགས་ཀྱིས་མཐའ་ནས་བསྐོར་ཞིང་། ༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བུ་ཆེ་བའི་གསང་ཡུམ་དང་། དེ་བཞིན་བླ་མ་བསོད་ནམས་བཟང་པོའི་སྲས་མོ་ཞིག་ཡིན་སྟབས། ཁོ་མོར་ཚུལ་མིན་གྱི་སྤྱོད་པའི་བག་ཆགས་གཏན་ནས་མེད་པ་དེ་འདྲ་མིན་ཀྱང་། རྟག་ཏུ་སྤྱོད་ལམ་གང་སྟོན་ནའང་རང་གི་གཤིས་ལ་མེད་པའི་ཡ་རབས་ཤིག་བྱ་དགོས་བྱུང་ཡོད།

ཨུམ་ཀུན་དགའ།

ཁོ་མོས་རྟག་ཏུ་གྱོན་ཆས་རྣམས་ཧ་ཅང་ཉམ་ཆུང་བ་སྟེ། འབྲུག་པའི་དཀྱི་ར་དང་བོད་པའི་ཕྱུ་པ་སྣུམ་པོ་ཞིག་གོན། ཁོ་མོ་ཐ་ག་པ་རྩལ་ལྡན་ཞིག་ཡིན་ཀྱང་ཕོ་གཙོ་རིང་ལུགས་ཀྱི་སྤྱི་ཚོགས་དེས་ཁོ་མོའི་ལག་རྩལ་འབུར་དུ་ཐོན་པའི་གོ་སྐབས་མ་བྱིན། ཨ་མས་ངའི་ཆེད་དུ་ཐག་པའི་དངོས་པོ་གཅིག་པུ་དེ་ནི་མལ་ཁྲིའི་ཕྱི་ཐུམ་དེ་རེད། ཕྱི་ཐུམ་དེ་ད་ལྟའང་བདག་གི་ཅ་དངོས་ཉར་ཚགས་བྱེད་སར་བཞག་ཡོད། ངའི་ཞབས་ཞུ་བ་ཕུན་ཚོགས་ཀྱི་ཨ་མ་ཨུམ་ཀུན་དགའ་ཁོ་མོའི་ཡིད་བཅུགས་ཀྱི་མཛའ་གྲོགས་རེད།

ངའི་ཨ་མ་ནི་ཁ་ཞེ་དྲགས་མ་གྲགས་མཁན་གྱི་བུད་མེད་ཅིག་རེད། གཤིས་ཀ་དེ་ལ་བརྟེན་ནས་གཞན་གྱིས་ཁོ་མོར་གུས་བཏུད་ཆེས་ཆེར་བྱས་ཅིང་། མི་མང་པོ་ཞིག་གིས་པ་ལགས་ལས་ཁོ་མོར་གུས་ཞབས་བྱས་ཆེ། ངའི་ནང་དུ་པ་ལགས་གོ་ས་མཐོ་བ་དང་། གནོན་ཤུགས་ཆེ་བ། དེ་བཞིན་དབང་ཆ་ཆེ་བས། ཁོང་གིས་རྒྱུན་དུ་ཚང་མ་ལ་གཤེ་གཤེ་བཏང་གི་ཡོད་ཀྱང་། ཁོ་མོས་ཁུ་སིམ་སིམ་གྱིས་མི་མང་པོའི་རྒྱུད་ལ་གཡོ་བ་མེད་པའི་གུས་ཞབས་གསོག་འཇོག་བྱས་ཏེ། པ་ལགས་ཀྱི་བདུན་ཕྲག་གཅིག་བཀའ་བཀྱོན་བཏང་བ་ལས་ཀྱང་ཨ་མས་ཚིག་གཅིག་བཤད་པ་དེར་ནུས་པ་ཆེ། མི་ཚོས་པ་ལགས་ལས་ཁོ་མོའི་མདུན་དུ་རང་གི་སྤྱོད་ལམ་ལ་ནན་ཏན་དང་གཟབ་གཟབ་བྱེད།

ཨ་མ།

བདག་གིས་ནམ་ཡང་ཨ་མ་དང་པ་ལགས་སུ་ལའང་ “ཁྱེད་རང་དྲན་གྱི་འདུག” ཅེས་ལབ་མྱོང་མེད། ད་ལྟ་དེ་ལྟར་ལབ་རྒྱུའི་གོ་སྐབས་ཤིག་རྙེད་ཀྱང་ལབ་མི་མོས། དེ་ནི་ང་ཚོའི་ལུགས་སྲོལ་ལ་དེ་ལྟར་མེད་པས་རེད། གལ་ཏེ་ལབ་ཏུ་ཆུགས་ཀྱང་ཁྱད་མཚར་ཞིག་ཡོད། འོན་ཀྱང་དེང་སང་སྤྲུལ་སྐུ་ཚོས་རང་གི་ཕ་མ་ལ་རྟག་ཏུ་ “ང་ཁྱེད་ལ་དགའ། ངས་ཁྱེད་རང་དྲན།” ཅེས་བཤད། གཅིག་བྱས་ན་ཁོང་ཚོས་ (Brady Bunch) དང་ (Modern Family) ལྟ་བུའི་ལེའུ་ཅན་གྱི་ལྟད་མོ་རྣམས་བལྟས་ཡོད་སྲིད། པ་ལགས་ཀྱིས་ “ང་ཁྱོད་ལ་དགའ།” ཞེས་པའི་གཏམ་བརྗོད་པ་ཡིད་ལ་དྲན་པ་ཙམ་གྱིས་ངའི་གདོང་པགས་སྐྱེངས་ནས་འགྲོ། དེ་ལས་ང་ནི་ཁོང་གི་གཤེ་གཤེ་བཏང་བ་ལ་གོམས་འདྲིས་ཆེ། དེ་ཡང་ངའི་སྟོད་ཐུང་གི་ཚོན་ཧ་ཅང་ཧར་དྲགས་པ་དང་། གོམ་སྟབས་ཀྱི་སྐད་ཤུགས་ཆེ་དྲགས་པ་ལྟ་བུ་ངས་གང་བྱས་ཀྱང་ཁོང་གིས་བཀའ་བཀྱོན་བཏང་ངེས། དོན་ངོ་མར་གལ་ཏེ་ཁོང་གིས་ང་ལ་གཤེ་གཤེ་ཞིག་མ་བཏང་ན། ནོར་འཁྲུལ་ག་རེ་ཆགས་ཡོད་ན་སྙམ་པའི་བསམ་བློ་ཞིག་རང་བཞིན་གྱི་འཁོར་འོངས། ངས་བསམས་ན་ཕ་མ་ཚོས་རང་གི་ཕྲུ་གུའི་ངོས་ལ་ཇི་ལྟར་མངོན་དགོས་མིན་ལ་བསམ་གཞིག་ནན་པོ་བྱེད་དགོས་པ་གལ་ཆེ་སྙམ། པ་ལགས་ཀྱིས་ཨ་མར་གཤེ་གཤེ་བཏང་བའི་དྲན་པ་ཞིག་ཡོད་པ་ནི། ཨ་ཕ་ནང་དུ་སྐབས་འགར་ལས་སླེབས་ཀྱི་མེད་ཀྱང་དུས་ཤིག་ཁོང་ནང་དུ་སླེབས་ཚེ་ཨ་མ་ལ་བཀའ་བཀྱོན་བཏང་བ་དེས་ངའི་རྒྱུད་ལ་བག་ཆགས་ཆེན་པོ་ཞིག་བཞག་བྱུང་། ཨ་མ་ལ་ཐོབ་ཐང་ཁོད་སྙོམས་མེད་པའི་ཁར། དཀའ་སྡུག་གི་རིམ་པ་མང་པོ་མྱོང་དགོས་ཐུག་ཀྱང་།

ཁོ་མོས་རྟག་ཏུ་པ་ལགས་ལ་གདུང་སྲས་རིན་པོ་ཆེ་ཞེས་འབོད་ནས་སེམས་གཏིང་ནས་ཁོང་ལ་བསྟོད་བསྔགས་དང་བརྩི་བཀུར་བྱས་ཀྱི་ཡོད། གལ་ཏེ་དེ་དུས་དཔྱད་ཞིབ་པ་ཞིག་མཆིས་ན་ང་ཚོ་ནད་པ་ཞིག་གི་ཁོངས་སུ་གཏོགས་པར་བྱས་ཡོད་སྲིད།

སིག་མོན་ཕུ་རོ་ཊི། Sigmund Freud

ཨ་མ་ལགས་འདས་གྲོངས་སུ་མ་ཕྱིན་པའི་ལོ་ཁ་ཤས་གོང་ཁོ་མོས། “ཁྱེད་ཚོ་འདི་ནས་ཕྱིན་ཟིན་པ་ན། ཁྱེད་ཀྱིས་ང་གཡུགས་ནས་ཕྱིན་པ་ན། ངས་འདི་དང་འདི་བྱ་རྒྱུ་ཡིན།” ཅེས་བཤད་རྒྱུ་འགོ་བཙུགས་སོང་། བྱེད་སྟངས་དེས་ངའི་བློ་ངོར་ཨ་མ་རང་ཉིད་གཅིག་པུ་གནས་སྡོད་པའམ་ང་ཚོ་དང་ལྷན་དུ་མཉམ་ཞུགས་བྱེད་མི་འདོད་པའི་འཆར་སྣང་ཞིག་བྱིན་པས། རྒྱུན་དུ་གང་བྱེད་དགོས་མ་ཤེས་པར་སེམས་པ་ཟང་ངེ་ཟིང་ངེར་གྱུར། སེམས་ཁམས་རིག་པ་བ་ཕོ་རོ་ཊི་ (Freud) དང་ཁོང་གི་རྗེས་འཇུག་པ་ཚོས་གནས་ཚུལ་དེ་ཤེས་ན། ཕལ་ཆེར་ཁོ་མོ་ལ་ཁེར་རྐྱང་གི་ཚོར་བས་ཟིན་པའི་ནད་རྟགས་ཡོད་པར་ངོས་འཛིན་བྱས་སྲིད། ཁོ་མོ་སུ་ཞིག་ཡིན་པ་དང་། སུ་དང་ལྷན་དུ་གཉེན་སྒྲིག་བྱས་པའི་གནས་སྟངས་དེ་དག་གིས་ཁོ་མོ་ནམ་ཡང་ཨ་མ་ཞིག་ཆགས་པའི་གོ་སྐབས་མ་རྙེད། གལ་ཏེ་ཁོ་མོ་ཉམས་ལེན་ཅན་ཞིག་མིན་ན་ཏན་ཏན་མོ་ལ་དུས་ཚོད་དེ་དག་དཀའ་ལས་ཁག་པོ་ཞེ་དྲགས་བྱུང་ཡོད་ངེས། ངའི་དྲན་ཚོད་ལ་གཞིགས་ན་ཁོ་མོ་ནི་ཉམས་ལེན་ཧ་ཅང་ཆེ་བའི་རྣལ་འབྱོར་མ་ཞིག་རེད།

བདག་ལ་མཚོན་ན། ལོ་དེ་དག་གི་རིང་ཨ་མ་དང་ཉེ་སར་གནས་མེད་པས་ཁོ་མོ་དང་ངེད་གཉིས་དབར་བར་ཐག་ཅིག་བསྐྲུན་ཡོད་པས། བདག་གི་སེམས་ནང་དུ་འགྱོད་པའི་ཚོར་བ་འདྲེས་མ་ཞིག་ཡོད།  འོན་ཀྱང་ཨ་མ་དང་ཕྲུ་གུའི་འབྲེལ་བ་དེ་སུས་མེད་པ་བཟོ་ནུས། ངའི་ཨ་མ་དང་ཨ་མའི་ཕྱོགས་ཀྱི་མེས་པོ་མཉམ་དུ་དུས་ཡུན་ཐུང་ངུ་ཞིག་མ་གཏོགས་གནས་པའི་གོ་སྐབས་མ་བྱུང་ཡང་། ང་ཚོའི་བར་འབྲེལ་བ་ཧ་ཅང་ཟབ་པོ་ཡོད། ད་ལྟ་ཕྱིར་དྲན་བྱེད་པ་ན། ངོས་རང་ལོ་ཉི་ཤུའི་ནང་ཡིན་སྐབས་ཨ་མ་ལགས་ང་དང་མཉམ་དུ་སུ་སི་ལེན་ཌི་ (Switzerland) དང་མ་ལེ་ཤི་ཡ་ (Malaysia) རྒྱ་ནག་བཅས་སུ་འགྲོ་རྒྱུའི་ཨུ་ཚུགས་བརྒྱབ་པ་དེ་དཔེ་མེད་ཡག་པོ་བྱུང་འདུག ས་ཆ་དེ་གསུམ་དུ་འགྲུལ་བསྐྱོད་བྱས་པའི་དུས་ནི་དུས་ཚོད་ཐུང་ངུ་ཞིག་ལས་མིན་ཀྱང་། འདི་ནི་ངས་ཨ་མ་དང་མཉམ་དུ་བསྐྱལ་བའི་དུས་ཚོད་རིང་ཤོས་དེ་ཡིན།

བདག་ལ་གཅུང་པོ་འཇམ་དཔལ་རྡོ་རྗེ་ལ་དམིགས་བསལ་གྱི་དུང་ཞེན་ཞིག་ཡོད་པས། ཁོས་སྤྱོད་ཚུལ་ངན་པ་ཅི་འདྲ་ཞིག་བྱས་ཀྱང་རྟག་ཏུ་བཟོད་བསྲན་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་རྣམས་ལས་རྒྱུ་མཚན་གཅིག་ནི། ཁོའི་ཕྱི་དབྱིབས་དང་ལག་པ་འགུལ་སྟངས་སོགས་ཨ་མ་དང་མེས་པོ་གཉིས་ཧ་ཅང་འདྲ་པོ་ཡོད། ང་ཚོ་སྤུན་མཆེད་རྣམས་ལས་ཨ་མ་མཉམ་དུ་དུས་ཡུན་རིང་ཤོས་བསྐྱལ་མྱོང་མཁན་དེ་ཁོང་ཆགས་ཡོད་ལ། ཁོང་གི་བྱེད་སྟངས་རྣམས་སྨྱོ་ཚུབ་ཚུབ་དང་ཆོབ་ཚ་པོ་ཡོད་པས། ཨ་མས་ཁོང་ལ་དམིགས་བསལ་གྱི་བྱམས་སྐྱོང་གནང་གི་ཡོད། འཇམ་དཔལ་རྡོ་རྗེ་སྐད་ཆ་ཤོད་སྐབས་ཁ་ཆུ་འཛར་གྱི་རེད། ང་ལ་ཡང་ཁྱད་ཆོས་དེ་ཡོད་པ་ཉེ་འཆར་ཤེས་རྟོགས་བྱུང་། རིགས་རྫས་གྱི་ནུས་པས་འདི་འདྲ་བྱེད་ནུས།

ནམ་ཞིག་ང་ཚོ་ནང་མི་རྣམས་དུས་ཚོད་མཉམ་དུ་སྐྱེལ་བའི་གོ་སྐབས་ཤིག་ཤར་ཚེ། ཨ་མས་ང་ལ་རང་གི་བུ་ལྟ་བུ་མིན་པར་༧སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་ཀྱི་ངོ་བོར་ལྟ་ཡི་ཡོད།  འདི་ནི་སྤྲུལ་སྐུའི་ཨ་མ་ལ་འཆང་བའི་སྤྱི་ཚོགས་ཀྱི་རེ་འདུན་ཞིག་རེད། འོན་ཀྱང་ཨ་མས་ང་ལ་རྩེ་གཅིག་པའི་དད་པ་ཡོད་པས། ང་ལ་ཕྱག་མང་པོ་འཚལ་མྱོང་། འཐམ་འཁྱུད་བྱ་རྒྱུ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་ཀྱང་། ཁོ་མོས་བརྩེ་བ་སྟོན་སྟངས་ནི་ཐབས་ལམ་གཞན་དང་གཞན་གྱི་སྒོ་ནས་རེད། ལན་ཅིག་ངས་ཁོ་མོ་ལ་རང་གི་གཟུགས་མཐོང་བརྙན་འཕྲིན་རྙིང་པ་དེ་ཉོས་རོགས་ཞུས་པས། ཁོ་མོས་བརྙན་འཕྲིན་གྱི་རིན་གོང་ཡོངས་རྫོགས་སྤྲད་སོང་། དེ་ནི་ཁེ་བཟང་ཆེ་བའི་ཚོང་ཞིག་རེད།

ཁོ་མོ་གྲོངས་པའི་ལོར་ཐིམ་པུ་ (Thimphu) རུ་པ་ལགས་ཀྱིས་འཆར་བཀོད་བྱས་པའི་དྲན་རྟེན་མཆོད་རྟེན་གྱི་ཐད་དུ་ཁང་མིག་བཞི་ཅན་གྱི་ཁང་པ་ཞིག་གི་ནང་དུ་གནས། གུས་པ་གནས་ཁང་དེར་གཟུགས་པོ་བཀྲུ་སར་ཐེངས་འགའ་ཤས་ཕྱིན་པ་དྲན། ཁྱིམ་དུ་ཟོམ་ཆེན་པོ་ཞིག་གི་ནང་དུ་ཆུ་ཚ་པོ་བཟོ་བྱེད་ཀྱི་གློག་ལྕགས་ཤིག་ཡོད། ཁོ་མོས་ང་ལ་གློག་སྤར་བཞིན་པའི་སྐབས་ཆུ་ལ་ལག་པ་མ་འཆང་ཞེས་ཡང་ཡང་དྲན་སྐུལ་བྱས། འདི་ནི་ཨ་མའི་བྱམས་བརྩེ་དང་སེམས་ཁུར་སྟོན་ཚུལ་གྱི་རྣམ་པ་ཞིག་རེད། དེས་ན་དེ་ལྟ་བུའི་སྐབས་འགའ་ཞིག་ལ་༧སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་ཡང་སྲིད་ཀྱི་ངོ་བོ་མིན་པར་རང་གི་བུ་ཕྲུག་ཞིག་ཡིན་པ་བཞིན་དུ་སྐད་ཆ་བཤད།

སླར་ཡང་རྨོངས་དད་ཀྱི་རྣམ་རྟོག་སྐོར་བཤད་ན། བོད་པ་ཚོས་བླ་ཞེས་པ་ཞིག་ཡོད་པར་ཡིད་ཆེས་བྱེད། འདི་ནི་ནུབ་ཕྱོགས་ཀྱི་སོལ་ (soul) ཞེས་པ་དང་ཆ་འདྲ་བ་ཞིག་རེད། ཐེངས་ཤིག་ང་བལ་ཡུལ་དུ་བསྡད་ནས་འཚོ་བཞིན་བཞུགས་པའི་བླ་མ་དམ་པ་མང་པོ་ལས་དབང་དང་གདམས་ངག་ཞུ་བཞིན་པའི་ཚེ། ཨ་མ་ཡང་ང་དང་མཉམ་དུ་པ་ལགས་ཀྱིས་བཟོས་པའི་ཁང་པའི་ནང་དུ་གནས་ཡོད། པ་ལགས་ཀྱིས་ཁོ་མོ་ལ་བལ་སྒོར་འབུམ་གཅིག་གི་ཡས་མས་དུ་ཟིན་པའི་ཨ་སྒོར་སྤྲད་སོང་། ཉིན་ཞིག་ཁང་པའི་ཉེ་འདབས་ཀྱི་ཤིང་སྡོང་ལས་རྐུན་མ་ཞིག་ཁང་ཐོག་ཏུ་འཛེགས་ནས་ཁང་པའི་ནང་འཛུལ་ཏེ་དངུལ་ཡོངས་རྫོགས་བརྐུས་འདུག  ཁོ་མོ་དངུལ་བོར་བརླགས་སོང་བར་ཧ་ཅང་འགྱོད་པ་སྐྱེས་ཤིང་། སྒོས་སུ་དངུལ་དེ་པ་ལགས་ཀྱིས་སྤྲད་པ་ཞིག་ཡིན་སྟབས། སེམས་ཚོར་དེ་ལས་ནམ་ཡང་དྲག་སྐྱེད་མ་ཕྱིན། གཅིག་བྱས་ན་འདི་ངའི་རྣམ་རྟོག་ཙམ་ཡིན་སྲིད་མོད། འོན་ཀྱང་དེ་ནས་བཟུང་ཁོ་མོའི་གཟི་བརྗིད་ཉམས་ཤིང་བླ་ཤོར་བ་ལྟ་བུར་གྱུར་ནས་ནམ་ཡང་དེ་ལས་ལྡང་མ་ཐུབ། དེ་ནས་ཁོ་མོ་རང་བློ་ནང་དུ་ཕྱོགས་པའི་སྐྱེས་བུ་སྟེ་ཁ་ཞེ་དྲགས་མ་གྲགས་མཁན་ཞིག་ཏུ་གྱུར། རིམ་བཞིན་ཨོལ་སྒོའི་ནད་གཞིས་ཀྱང་ཟིན། ངས་སེམས་གསོ་བྱས་པ་མ་ཟད། ༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནས་ཀྱང་ཐུགས་བརྩེ་བ་ཆེན་པོས་ཞལ་པར་གནང་ནས་ཁོ་མོ་ལ་སྤྲོ་སྣང་སྤེལ་ཐབས་བྱས་མོད། འོན་ཀྱང་སེམས་སྡུག་དེས་ཁོ་མོ་ནམ་ཡང་གློད་བཀྲོལ་མ་བཏང་།

དེ་རྗེས་ཡུན་མི་རིང་བར་ངོས་རང་འབིར་དུ་ཕྱིན་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་བསྙེན་མཚམས་ལ་བསྡད་པ་ཡིན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་བསྙེན་མཚམས་ལ་བསྡད་པ་དང་། ཙི་ཙིས་གཏོར་མ་བཟའ་བ། ཨ་མ་འདས་གྲོངས་སུ་ཕྱིན་པའི་བར་ལ་འབྲེལ་བ་གང་ཡོད་དམ་སྙམ་པའི་དོགས་པ་ཞིག་བློ་ངོར་འཆར་བར་འགོག་མི་ནུས་ཤིང་།  རྟག་ཏུ་བདག་གི་རེ་འདུན་ནི་ངའི་ད་ལྟའི་ཨ་མ་དང་། འདས་པ་དང་མ་འོངས་པའི་ཨ་མ། དེ་བཞིན་བདག་ཉིད་དང་བཅས་པ་རྨོངས་དད་ཀྱི་རྣམ་རྟོག་དང་རྒྱུ་མཚན་གྱི་ར་བ་ལས་བརྒལ་ཐུབ་ན་ཅི་མ་རུང་སྙམ་པ་དེ་ཡིན།

0 Comments

Submit a Comment

Your email address will not be published. Required fields are marked *

Skills

Posted on

June 8, 2017

Submit a Comment

Your email address will not be published. Required fields are marked *