ལེའུ་དང་པོ། ཁྱིམ་སྤོང་བ།
ངའི་མི་ཚེ་ནི་ད་གཟོད་ནུབ་རྒྱུའི་སེམས་སྣང་ངམ་འཁྲུལ་སྣང་ཞིག་རེད། སེམས་ཀྱི་འཁྲུལ་སྣང་འདི་ལ་དུས་ཀྱི་འཕོ་འགྱུར་མཆིས་ལ། རྒྱུ་མཚན་འདྲ་མིན་གྱིས་བརྒྱན་པ་ཞིག་ཀྱང་ཡིན་ཏེ། དཔེར་ན་ཉི་མ་ནང་བཞིན་རེད། ཁོ་བོའི་སེམས་ཁམས་ཀྱི་གཡོ་བབ་ལ་བརྟེན་ནས་མི་ཚེ་འདི་སྐབས་རེ་ཡུན་ཐུང་བ་དང་སྐབས་འགར་ཡུན་རིང་བའི་སྣང་བ་འཆར་ཞིང་། དུས་དེ་དག་གི་ནང་དུ་བརྩམས་པའི་འཆར་གཞི་འགའ་ཤས་ལེགས་གྲུབ་བྱུང་ཡང་ཁ་ཤས་ལམ་ལྷོང་མ་སོང། མྱོང་བ་འདི་དག་ནི་ཁོ་བོ་ཙམ་མིན་པར་བདག་གི་ངོ་ཤེས་ཡོད་དོ་ཅོག་སྟེ་མཐོང་ཐོས་སུ་གྱུར་མ་གྱུར་སུ་ཡིན་ཡང་རུང་། ཁོང་ཚོ་ཀུན་ལ་མི་ཚེ་ཞེས་པའི་རང་སེམས་ཀྱི་འཁྲུལ་སྣང་ཞིག་ཡོད་ངེས། ངའི་འཁྲུལ་ནང་གི་མི་ཚེ་འདིར་ཇོན་ལི་ནོན་ (John Lennon) ཞེས་པའི་གཞས་པ་གྲགས་ཅན་ཁོང་དང་འཕྲད་པའི་གོ་སྐབས་ནམ་ཡང་མ་བྱུང་མོད། འོན་ཀྱང་བདག་གིས་ཁོ་པ་ངོ་ཤེས་ཀྱི་ཡོོད། བདག་ལ་ཁོང་གིས་ཤུགས་རྐྱེན་ཡང་ཐེབས། གལ་ཏེ་ང་ཕྱེ་མ་ལེབ་ཅིག་ཡིན་ན་ངས་ཁོང་ནམ་ཡང་ངོ་ཤེས་མི་སྲིད། འཁྲུལ་སྣང་གི་མི་ཚེ་འདིའི་ནང་དུ་སི་ཀྲེ་ལིན་ (Stalin) སྟེ་གཞས་མ་གྲགས་ཅན་ཁོ་མོ་ཡང་བདག་གིས་ངོ་ཤེས་བྱུང་། ཁོ་མོ་དང་འཕྲད་པའི་གོ་སྐབས་བྱུང་མིན་ལ་མ་ལྟོས་པར་མོའི་བྱ་སྤྱོད་ཀྱིས་ང་ལ་ཤུགས་རྐྱེན་གང་འཚམ་ཐེེབས་བྱུང་བས། ངས་ནམ་ཡང་ཁོ་མོ་སྣང་མེད་དུ་འཇོག་ཐུབ་ཐབས་བྲལ།
དངོས་སུ་འཕྲད་མྱོང་བའི་སྐྱེ་བོ་རྣམས་ལས་འགའ་ཞིག་མི་ཚེ་གང་པོར་དྲན་ཡང་ཁ་ཤས་དུས་ཐུང་ངུ་ཁོ་ནར་ངོ་ཤེས། དེ་དག་ལས་ཁ་ཅིག་གསོན་ལ་འགའ་ཞིག་འཇིག་རྟེན་འདི་ནས་ཕྱི་མའི་ལྔ་ལམ་དུ་གྱུར་ཚར་འདུག། ཁ་ཅིག་ཁོ་བོ་ལ་གནད་གལ་གང་ཡང་མེད་པ་དང་འགའ་ཤས་ཤིན་ཏུ་གལ་ཆེན་དུ་གྱུར། མེ་འཁོར་ནང་དུ་ཆ་རྒྱུས་མེད་པའི་རྒྱ་གར་བ་གྲངས་ལས་འདས་པ་དང་ལྷན་དུ་ཟ་མ་བཟས་པ་དང་བསམ་ཚུལ་བརྗེ་ལེན་བྱས་ཀྱང་ཐམས་ཅད་ཀྱི་མིང་ཙམ་ཡང་བརྗེད་ཟིན། བྷོ་སི་ཀྲོན (Boston) ལ་མི་ཞིག་དང་མཉམ་དུ་ཇ་འཐུང་བའི་ཞོར་ལ་དམ་པའི་ཆོས་ཀྱི་བགྲོ་གླེང་བྱས། མི་དེ་ཨེ་ལེན་གྷིན་སི་བྷག་ (Allen Ginsberg) སྟེ་སྙན་ངག་པ་གྲགས་ཅན་ཞིག་ཡིན་པར་ངོ་མ་ཤེས་པས། ཚིག་གི་འཁྲུལ་སྣང་སྤྲུལ་པ་ལ་མཁས་པའི་སྙན་ངག་མཁན་དང་ལྷན་དུ་སྙན་ངག་སྐོར་ལ་བགྲོ་གླེང་བྱ་རྒྱུའི་གོ་སྐབས་དེའང་བརླགས། མཚན་མཐུན་འཁྲིག་སྤྱོད་ཀྱི་ཚོར་བ་ལྡན་པའི་བཙུན་མོ་ཆེས་མཛེས་ཤིང་ཡིད་དུ་འོང་བ་ཝིཊ་ནི་ཝཌ་ (Whitney Ward) ཡང་འཕྲད་སོང་ལ། ཁོ་མོས་བདག་ལ་རང་གི་མུན་དོང་གི་ཁང་པ་བསྟན་པ་མ་ཟད་ཁོ་བོས་སྦྱིན་སྲེག་གི་ཆོ་ག་འདོན་སྐབས་མཉམ་བཞུགས་ཡང་བྱས་སོང་། ཆུང་དུས་འབྲུག་རྒྱལ་གསུམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཇལ་ཏེ་ཁོང་གིས་གུས་པ་པང་དུ་ལེན་པ་དང་དཔུང་པར་འཁྱེར་མྱོང་། ཁོང་གི་སྐྲ་ནས་ཚོར་བའི་ཐ་མག་གི་དྲི་ངན་དེ་ད་དུང་ཡང་དྲན་ལམ་ལས་མ་ཡལ་བར་གསལ་ལེར་གནས་ཡོད།
འཁྲུལ་སྣང་དེ་དག་ལ་གཞིགས་ན། འཆི་བ་དང་། སྐྱེ་བ་སོགས་ཀྱི་འགྱུར་ལྡོག་མང་དུ་སྣང་ཞིང་། དུས་དེ་དག་གི་རིང་སྐྱེས་བུ་ཉུང་ཤས་ཤིག་གཉེན་སྒྲིག་བྱས་འདུག་ལ་དེ་བས་མང་བ་ཁ་གྱེས་འདུག། མ་ཟད་ངའི་ཚེ་འདི་དང་ཚེ་གཞན་གང་ལ་ཞིབ་བསྡུར་བྱས་ནའང་རང་ཉིད་ལ་འཕོ་འགྱུར་ཆེན་པོ་ཐེབས་པ་གོར་མ་ཆག། ཚེ་སྔོན་ཀྱང་བདག་ལ་འཁྲུལ་སྣང་འདྲ་མིན་བྱུང་ངེས་པ་ཡིན་ཏེ། དཔེར་ན་བྱ་ཡིན་པའི་སྣང་བ་དང་། འབུ་ཡིན་པའི་སྣང་བ། དེ་བཞིན་མིར་གྱུར་པའི་སྣང་བ་ལྟ་བུའོ། །
འོན་ཀྱང་སྣང་བ་དེ་དག་ལས་ཚེ་འདིའི་སྣང་བ་འདི་ཅུང་ཟད་རིན་ཐང་ཆེ་བར་མངོན་ཏེ། གོའུ་ཏ་མའི་མཚན་ཙམ་ཐོས་པ་དང་བདག་གིས་རྒྱུན་དུ་བཤད་པའི་ཆོས་ལ་བྱིས་པའི་མོས་པ་ལྟ་བུ་ཞིག་ཡོད་པའི་ཕྱིར་ནའོ།། ངའི་མི་ཚེ་ནང་ཕྱོགས་སྟོན་འཁོར་ལོ་འདྲ་ཞིང་འབྲས་ཁུའི་སྣོད་ནང་དུ་ནམ་ཡང་ལྷུང་མི་སྲིད་པའི་སྐྱེས་བུ་དམ་པ་དང་ཡང་མཇལ་བའི་སྐལ་པ་བྱུང་ལ། དམ་པ་ཁོང་ནི་བདག་གི་མི་ཚེའི་མདུན་ལམ་གསལ་བའི་གློག་འོད་ལྟ་བུར་གྱུར།
གུས་པ་ལོ་ལྔ་ཡས་མས་ཤིག་ཡིན་པའི་སྐབས་གཏན་སྡོད་སློབ་གྲྭར་བཏང་སོང་། དེ་ནི་ངའི་མི་ཚེ་ནང་དུ་ཆ་རྒྱུས་མེད་པའི་མི་དང་གནས་ཁང་གཅིག་ཏུ་མཉམ་སྡོད་བྱས་པ་ཐེངས་དང་པོ་དེ་ཡིན། བདག་ལ་མཚོན་ན་མི་ཚེའི་འགྱུར་ལྡོག་དེ་འཕོ་འགྱུར་ཆེན་པོ་ཞིག་ཆགས་ཡོད། གང་ཡིན་ཟེར་ན། ཁོ་བོ་ནི་འབྲུག་ཤར་ཕྱོགས་ཁུལ་གྱི་ཡོངས་ལ་ (Yongla) ཞེས་པའི་ཡུལ་དུ་ནང་པ་མ་གཏོགས་ཆོས་ལུགས་གཞན་གཏན་ནས་ཁས་མི་ལེན་པའི་ནང་པའི་ཁྱིམ་ཚང་ཆེན་པོ་ཞིག་གི་ནང་འཚར་ལོངས་བྱུང་བའི་བུ་ཕྲུག་ཅིག་སྟེ། རྒྱུན་དུ་འཁོར་དང་ཞབས་ཞུ་བ་མང་པོ་དང་། སྒོས་སུ་རལ་པ་ཅན་གྱི་རྣལ་འབྱོར་པ་དུ་མས་བསྐོར་བ་ཞིག་རེད། རྣལ་འབྱོར་པ་དེ་དག་གི་རལ་པ་ལ་བལྟས་ན་བྷོབ་མར་ལེ་ (Bob Marley) ལ་དགའ་ཞེན་ཅན་གྱི་མི་རྣམས་རལ་པ་དེ་དག་གི་ཆེད་རང་སྲོག་ཀྱང་བློས་གཏོང་སྲིད་སྙམ་པ་ཡོད། དེར་འོངས་པའི་བཀག་སྡོམ་ལས་གྲོལ་བའི་རྣལ་འབྱོར་མ་རྣམས་ཀྱང་གདེང་ཆེ་ལ་བུད་མེད་འཆིང་གྲོལ་ཚོགས་པའི་ཚོགས་གཙོའི་འོས་མིའི་ཆ་རྐྱེན་ཡོངས་རྫོགས་མངའ་བ་དང་ཆ་འདྲ་བ་ཞིག་ཡོད། འཁོར་དེ་དག་གི་ནང་དུ་ཁ་ཅིག་ནི་འཇིག་རྟེན་པ་རྣམས་ཅིའི་ཕྱིར་ས་བརྐོ་ཞིང་། ཀ་བ་བཙུགས་ཏེ་ཁང་ཐོག་འགེབ་པའི་ངལ་བ་བྱེད་པ་ལ་ཡ་མཚན་པའི་འདོད་པ་ཆུང་ཞིང་ཆོག་ཤེས་པའི་རྣལ་འབྱོར་པ་དག་ཀྱང་མཆིས་ལ། རང་གི་ཚེ་གང་པོར་སྒོར་མོ་བཅུ་ལས་ལྷག་པ་ལ་ལག་པ་འཆང་མ་མྱོང་བའི་ཞི་ཞིང་དུལ་བའི་རབ་བྱུང་ཡང་བཞུགས། མ་ཟད་ཆགས་པས་གཟིར་བའི་སྒོམ་ཆེན་དག་ཀྱང་འདུས། ཁོང་ཚོས་རྒྱུན་དུ་བུད་མེད་ལ་ཀུ་རེ་དང་ཆགས་གཏམ་སྨྲ་བ་སོགས་ཀྱི་བྱ་སྤྱོད་དག་གིས་ངའི་ལུས་སེམས་ཀྱི་ཆགས་འབུའང་སྨིན་པའི་རྐྱེན་བྱས་ཡོད་སྲིད་སྙམ།
བདག་གི་མ་ཕྱོགས་ཀྱི་མེས་དབོན་ལགས་ཀྱི་ཁྱིམ་གྱི་ཁང་མིག་ཚང་མའི་ནང་དུ་མཆོད་བཤམས་རེ་ཡོད། དེས་ན་སུས་ཀྱང་རྟུག་དྲི་ཞིག་གཏང་དགོས་ནའང་ཁང་པའི་ཕྱི་རོལ་དུ་ཐོན་དགོས། ཉིན་ལྟར་ཁྱིམ་དུ་ཚོགས་པ་ཚོགས་ཀྱི་ཡོད་སྟབས་ཞོགས་པ་སྔ་པོ་ནས་སྤོས་དྲི་ཚོར་ཞིང་། རྔ་དང་རོལ་མོ། དེ་བཞིན་དྲིལ་བུའི་སྒྲས་ཁོ་བོ་གཉིད་ལས་བསད། སྒྲ་དེ་དག་རིམ་བཞིན་ཆ་ག་པའི་སྒྲ་དང་། ཕུག་རོན། དེ་བཞིན་ཕོ་རོག་སོགས་ཀྱི་སྙན་པའི་སྒྲ་དང་འདྲེས་ནས་འགྲོ། བདག་ཉི་ཧོང་གི་གློག་བརྙན་འཁྲབ་ཁྲིད་པ་ཨོ་འཛུ་ (Ozu) ཡིས་བཟོས་པའི་གློག་བརྙན་ལ་དགའ་ཞེན་ཆེན་པོ་ཡོད་པའང་། ཁོང་གི་གློག་བརྙན་རྣམས་ཀྱི་ནང་དུ་སྒྲ་དེ་དང་ཆ་འདྲ་བའི་སྒྲ་དབྱངས་བཅུག་གི་ཡོད་པའི་རྒྱུ་མཚན་གྱིས་མིན་ནམ་སྙམ།
བདག་གི་མེས་པོ་ལགས་ནི་རིག་པའི་གནས་དུ་མ་ལ་སྦྱངས་པ་ཕུལ་དུ་ཕྱིན་པའི་སྐྱེས་བུ་ཞིག་དང་། དེའི་སྟེང་དུ་དཔེར་འོས་པའི་རྣལ་འབྱོར་པ་ཞིག་ཡིན། དེར་མ་ཟད་ངོ་མཚར་ཆེ་བའི་ཟས་གཡོས་པ་དང་། སྨན་པ། སྤོས་སྦྱོར་བ། ལྷ་བཟོ་བ། དེ་བཞིན་ཁང་ལས་འཆར་འགོད་པ་ཞིག་ཀྱང་ཡིན་པས་རྒྱུན་དུ་ཁང་པ་བཟོ་བཅོས་བྱ་རྒྱུ་དང་། མཆོད་རྟེན་གསར་བཞེངས་གནང་རྒྱུར་ཐུགས་ཧ་ཅང་མཉེས། བདག་ཁང་པའི་སྒོ་ལས་ཕྱིར་གོམ་པ་སྤོས་མ་ཐག་མཆོད་ཆས་བཟོ་བཞིན་པའི་མགར་བས་ལྕགས་རྡུང་བའི་སྒྲ་ཐོས་པ་དང་། གནས་ཁང་གི་མཐའ་སྐོར་གྱི་མཁའ་རླུང་ཡོངས་རྫོགས་བ་ཕྱུགས་ཀྱི་ལྤགས་པ་ལས་གྲུབ་པའི་འབྲུག་གི་ཐུན་མོང་མ་ཡིན་པའི་ཚོན་རྩིའི་དྲིས་ཁྱབ་ཡོད། དེང་སང་ཡང་ང་ཚོན་རྩི་བཏང་མ་ཐག་པའི་འབྲུག་གི་དགོན་པར་འཛུལ་ཞུགས་བྱེད་དུས་བྱིས་པའི་སྐབས་ཀྱི་ཚོར་བ་དེ་མངོན་དུ་འགྱུར་གྱི་འདུག དེང་རབས་ཀྱི་སྒྱུ་རྩལ་ཚོན་རྩི་དར་ཁྱབ་འགྲོ་བཞིན་པའི་དུས་སྐབས་འདིར་ཡང་དྲི་ངན་ལ་སྤུས་ཀ་མེད་པའི་ཚོན་རྩི་དེ་འབྲུག་ཡུལ་དུ་ད་དུང་བེད་སྤྱོད་བྱེད་བཞིན་ཡོད། དེ་ནི་རྒྱལ་ཡོངས་བཟོ་རིག་བཅུ་གསུམ་ (Zorig Chusum) ཚོགས་པ་ནས་རང་གི་རིག་གཞུང་ལ་གཡོ་བ་མེད་པའི་ལྷག་བསམ་གྱིས་རིག་གཞུང་བརྒྱུད་འཛིན་བྱེད་པའི་ཁུར་བླངས་པའི་བཀའ་དྲིན་ཉག་ཅིག་གོ །
བདག་སློབ་གྲྭར་འགྲོ་བའི་དུས་ལ་ཉེ་བ་ན། ངའི་མེས་པོ་ལགས་ཀྱིས་མང་ཚོགས་སློབ་གྲྭར་འགྲོ་བ་ནི་དུས་ཚོད་ཆུད་ཟོས་སུ་གཏང་ཡ་རང་རེད་ཅེས་འཁང་ར་བྱས། གཅིག་བྱས་ན་ཁོང་གི་གསུངས་པ་ཅི་ལ་མི་བདེན། ངའི་རྨོ་མོ་ལགས་ཀྱང་ཁོང་ལ་མོས་མཐུན་བྱས་ནས་ཤབ་ཤོབ་ཀྱི་ཚིག་སྨྲ། ཁོང་རྣམས་ཀྱི་ཐུགས་ཁྲལ་ཆེ་ཤོས་ནི་སློབ་གྲྭ་དེ་ཉིད་ཡི་ཤུའི་སློབ་གྲྭ་ཞིག་ཡིན་སྟབས། ཤེས་ཡོན་གྱི་བསྟི་གནས་དེར་ཞུགས་ན་སངས་རྒྱས་ལ་དད་པ་མེད་པར་འགྱུར་ལ། ཁོང་གི་གསུངས་པའི་དམ་ཆོས་ལའང་ཡིད་ཆེས་མེད་པར་གྱུར་ནས་སེམས་ཅན་དུད་འགྲོའི་རིགས་རྣམས་དཀོན་མཆོག་གིས་གནང་བའི་ཟས་རིགས་ཙམ་དུ་བལྟ་བར་མི་འགྱུར་རམ་སྙམ་པ་དེ་རེད། ཁོང་རྣམས་ཀྱིས་འཁང་ར་བྱ་ཚུལ་ཡང་ཤིན་ཏུ་གུས་ཞབས་དང་ལྡན་པ་ཞིག་རེད། དེ་ཡང་འཛེམ་བག་དང་བཅས་ཏེ་ཤག་ཤུབ་ཚིག་གིས་སྨྲས་པ་ཞིག་སྟེ། དཔེར་ན་བདག་ཉིད་ཀྱིས་ཤིན་ཏུ་གུས་ཤིང་བཀུར་ལ་བརྩི་འཇོག་ཆེན་པོ་བྱེད་པའི་མི་ལ་འཚེར་སྣང་དང་བཅས་འཁང་ར་བྱེད་པ་དང་ཆ་མཚུངས་པ་ཞིག་རེད།
ང་དབྱིན་ཡིག་སློབ་གྲྭར་བཏང་དགོས་པའི་བཀའ་རྒྱ་དེ་ཁོ་བོའི་པ་ལགས་ཀྱི་ཡིན་ཡང་གནས་ཚུལ་དེ་ང་ལ་ཐད་ཀར་གསུངས་མ་བྱུང་། བདག་པ་ལགས་དང་སེམས་ཐག་ཉེ་པོ་དེ་ཙམ་མེད། ཁོང་དང་ཨ་མ་ལགས་གཉིས་རྒྱ་གར་བྱང་ཤར་གྱི་མངའ་སྡེ་རྡོ་རྗེ་གླིང་ (Darjeeling) གི་ཁུལ་གྱི་རི་རྩེར་ཆགས་པའི་ཀུར་སེང་ (Kurseong) ཞེས་པའི་གྲོང་དུ་གནས་བཞུགས་བྱེད་ཀྱི་ཡོད། ཕ་མ་གཉིས་ཀ་ཡང་རང་གི་ལས་ཀ་ལ་བྲེལ་ཚབས་ཤིན་ཏུ་ཆེ་བས་བདག་ཕ་མ་གཉིས་ཀྱིས་གསོ་སྐྱོང་བྱས་ཐུབ་མེད། ཁོང་གཉིས་ཀ་ཡང་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་ (All India Radio) ནང་དུ་ལས་ཀ་བྱས་ཀྱི་ཡོད། དེས་ན་ཁོ་བོ་རང་གི་མེས་པོ་དང་སེམས་ཐག་ཉེ་བ་ཡོད། འོན་ཀྱང་ཕྲུ་གུའི་བསམ་བློའི་འཁྱེར་སོ་ནི། གཞན་སུས་ཇི་ཙམ་བྱམས་བརྩེས་བསྐྱངས་ཀྱང་མཐར་ཐུག་རང་ལ་བྱམས་བརྩེ་གནང་མཁན་ནི་རང་གི་ཕ་མ་ཁོ་ན་ཡིན་པར་ཡིད་ཆེས་བྱེད། ཀུར་སེང་ (Kurseong) ནས་མགྲོན་པོ་སུ་འདྲ་ཞིག་འབྱོར་ཡང་གུས་པ་ལ་ཕ་མའི་ཕྲིན་བརྡ་བསྐུར་བའམ་ཕ་མ་ཐུག་སར་འོངས་མེད་དམ་སྙམ་ནས་ཧ་ཅང་སྤྲོ་སྣང་འཕེལ། འོན་ཀྱང་ཕྲིན་ཡིག་ཡོད་ཚད་པོ་པོ་དང་རྨོ་མོ་གཉིས་ཀྱི་ཆེད་ཡིན་པ་ལས་བདག་ལ་ནམ་ཡང་འབྱོར་མ་མྱོང་།
ཉིན་ཞིག་ཀུར་སེང་ (Kurseong) ནས་མི་ཞིག་གོམ་བགྲོད་བྱས་ནས་སླེབས་བྱུང་། ཁོང་གི་ལག་ཏུ་པ་ལགས་ཀྱིས་བདག་ལ་གསུང་ཕྲིན་ཞིག་བསྐུར་བ་ནི་ང་དབྱིན་ཡིག་སློབ་གྲྭ་ཞིག་ལ་བརྫང་དགོས་སྐོར་གྱི་གསུང་ཕྲིན་དེ་རེད། ངའི་མེས་པོ་དང་རྨོ་མོོ་རྣམས་ཏན་ཏན་བྱ་ཐབས་བྲལ་བ་གྱུར་ངེས། གང་ཡིན་ཟེར་ན་ངའི་པ་ལགས་ནི་རྒྱུ་མཚན་བཤད་ས་མེད་པའི་མི་ཞིག་རེད་ལ། གལ་ཏེ་རྒྱུ་མཚན་བཤད་པའི་སྤོབས་པས་འདང་ནའང་ཕྲིན་དེ་ཀུར་སེང་དུ་འབྱོར་བ་ལ་ཉུང་མཐར་བདུན་ཕྲག་གཅིག་ཐོགས་ཀྱི་ཡོད། གསུང་ཕྲིན་བསྐུར་ནས་འཕྲོད་ནའང་པ་ལགས་ཀྱིས་ཁོང་རྣམ་པའི་དགོངས་ཚུལ་དང་རྒྱུ་མཚན་ལ་བརྩི་འཇོག་བྱས་མེད་ངེས་རེད། དེའི་རྒྱུ་མཚན་གཙོ་བོ་ནི་པ་ལགས་ལ་རང་གི་བུ་ཕྲུག་ལ་རང་གིས་ཅི་བྱར་དབང་ཆ་ཚང་མ་ཡོད་པ་དང་། དེའི་སྟེང་དུ་ཁོང་ངའི་མེས་པོའི་རྩ་བའི་བླ་མ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་སྲས་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་པོ་པོ་དང་རྨོ་མོ་ལགས་གཉིས་ཀས་པ་ལགས་ལ་གཏམ་ལན་བྱེད་མི་ཕོད།
ཐོག་མར་བདག་དུས་ཡུན་ཐུང་ཐུང་ཞིག་གི་རིང་འཁྱིལ་དུང་ (Khidung) (མཆན། དེང་སང་ཡུལ་དེར་ “པདྨ་དགའ་ཚལ” ཞེས་འབོད) གི་ཁུལ་ན་ཡོད་པའི་ཡོངས་ལ (Yongla) ཡི་ཉེ་འགྲམ་གྱི་སློབ་གྲྭར་བཏང་བྱུང་། (འཁྱིལ་དུང་གི་དོན་ནི་སྐྱག་པའི་གྲོང་ངམ་དུང་འཁྱིལ་བ་ཞེས་པའི་དོན་ཡིན།) ཕྱིས་སུ་ཁྱིམ་ལས་ཐག་རིང་སར་སྟེ་ལྷོ་ཕྱོགས་རྒྱུད་བཀྲ་ཤིས་སྒང་ (Tashi Gang) ན་ཡོད་པའི་སློབ་གྲྭ་རུ་སྤོ་བཞུད་བྱས་སོང་། མཐར་ཀང་ལུང་ (Kanglung) དུ་ཁེ་ན་ཌ་ (Canada) ནས་ཡིན་པའི་ཡི་ཤུའི་མཆོད་དཔོན་ཝི་ལམ་འཇོ་སིབ་མེ་ཁེ (William Joseph Mackey) ལགས་ཀྱིས་གསར་དུ་འཛུགས་བསྐྲུན་བྱས་པའི་ཀང་ལུང་ (Kanglung) སློབ་གྲྭར་སྤོ་བཞུད་བྱས།
སློབ་གྲྭ་དེ་ཉིད་རྗེས་སུ་ཤེས་རབ་ཚལ་ (Sherubtse) མཐོ་སློབ་ཏུ་གྱུར། དེང་འདི་ནི་འབྲུག་རྒྱལ་ཡོངས་ཀྱི་མཐོ་སློབ་ཆེས་ཐོག་མ་དེ་ཡིན། འོན་ཀྱང་སྐབས་དེ་དུས་གཏན་སྡོད་སློབ་གྲྭ་ཆུང་ཆུང་ཞིག་རེད། སློབ་གྲྭ་དེའི་སློབ་ཕྲུག་གི་ཉལ་ཁང་འགན་འཛིན་དེ་སྒྲིག་ལམ་དམ་པོ་གནང་མཁན་ཞིག་ཡོད་པས། ཉིན་ལྟར་སློབ་ཕྲུག་ཚོས་ཉལ་སར་གཅིན་པ་བཏང་ཡོད་མེད་བརྟག་དཔྱད་བྱ་ཕྱིར་སློབ་ཕྲུག་ཚོའི་ཉལ་གདན་ལྟ་བར་ཡོང་གི་རེད། ངའི་ཉེ་འགྲམ་གྱི་ཕྲུ་གུ་དེས་ཉིན་ལྟར་ཉལ་སར་གཅིན་པ་བཏང་གི་ཡོད། ཕྲན་ལ་ཡོད་པའི་སེམས་ཁྲལ་ཆེ་ཤོས་ནི་རང་ཡང་ཉལ་སར་གཅིན་པ་ཤོར་ན་ངོ་ཚ་བ་ལ་སྙམ་པའི་སེམས་ཚོར་དྲག་པོ་དེ་རེད། དེའི་རྐྱེན་པས་མཚན་མོ་ཡུན་རིང་པོར་གཉིད་ཁུག་མ་ཐུབ་པར་ལུས་ཀྱི་ཡོད་པ་ད་དུང་དྲན། ད་ཆ་སློབ་གྲོགས་དེ་ཚོ་གང་འདྲ་ཆགས་ཡོད་མེད་ངས་ཤེས་རྟོགས་མ་བྱུང་ཡང་། དེ་དག་ལས་འགའ་ཞིག་ལས་ཀ་རྒྱ་ཆེན་པོ་བྱེད་ཀྱི་ཡོད། དེ་ཡང་དཔེར་ན་འགའ་ཞིག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་ཕྱག་ལས་གནང་ནས་སྤྱི་ཚོགས་ཀྱི་ཞབས་ཞུ་སྒྲུབ་བཞིན་མཆིས་ལ། ཁ་ཅིག་གོ་གནས་ལྡན་པའི་ཉེན་རྟོག་པ་ཡང་གྱུར་ཡོད།
མི་ཁེའི་ (Mackey) སློབ་གྲྭ་དེར་ཟླ་ཤས་སོང་རྗེས་གྲང་ངར་གྱིས་གདུང་ཞིང་། ཆར་པ་བབས་བཞིན་པའི་ཉིན་མོ་གཅིག་གི་ཞོགས་པ་ཞིག་ལ་ཤིང་གི་པང་ལེབ་ལས་བྱས་པའི་ཉལ་ཁྲི་འཁུར་བའི་སྐྱེལ་འདྲེན་རླངས་འཁོར་ཞིག་སློབ་གྲྭའི་སྟེང་ཕྱོགས་ཀྱི་ལམ་ཁ་ནས་སླེབས་བྱུང་། དེ་དུས་འབྲུག་ནང་མོ་ཊ་དཀོན་པོ་ཡིན་སྟབས་ང་ཚོ་སློབ་ཕྲུག་ཚང་མ་སྤྲོ་སྣང་དང་བཅས་ཆར་པའི་ནང་དུ་མོ་ཊ་ལྟད་མོ་ལྟ་སར་ཕྱིན་པ་ཡིན། ཕྲུ་གུ་ཚོའི་རེ་འདུན་ནི་རང་རང་གི་ཕ་མས་ཕྲིན་ཡིག་བསྐུར་ཡོད་དམ་སྙམ་པ་དེ་རེད། འབྲུག་ཡུལ་དུ་རང་གི་ཁྱིམ་ནས་ཕྱུ་ར་དང་། ཨ་ཤོམ་བརྔོས་མ། དེ་བཞིན་སུ་པན་སྐམ་པོ་སྐུར་བའི་ལུགས་སྲོལ་ད་ལྟའང་མ་ཉམས་པར་མཆིས། དེས་ན་རྒྱུན་དུ་སྐྱེལ་འདྲེན་རླངས་འཁོར་དེས་ཕྲུ་གུ་ཚོར་རྔན་པ་དང་ཕྲིན་ཡིག་གི་མཚོན་བྱེད་དུ་གྱུར།
འོན་ཀྱང་ད་ལམ་སྐྱེལ་འདྲེན་རླངས་འཁོར་ནང་དུ་ཡོད་པའི་ཅ་དངོས་འདི་ནི་ནམ་རྒྱུན་དང་མ་འདྲ་བ་ཞིག་སྟེ། རྒྱབ་ཏུ་འགྱིག་ཤོག་ལྗང་ཁུས་བཀབ་པའི་མོ་ཊའི་ནང་ནས་ངའི་པོ་པོ་ལགས་ཀྱི་ཞབས་ཞུ་བ་བསོད་ནམས་ཆོས་འཕེལ་སྟེ་ཁ་གདོང་དམར་ཞིང་བཀྲག་མདངས་ལྡན་ལ་སྨ་རས་བརྒྱན་པ་ཁོང་འཐོན་བྱུང་། (ཁོང་ནི་ཁྱེད་རྣམ་པ་འགའ་ཞིག་གིས་ངོ་ཤེས་པའི་དགོད་བྲོ་བའི་བསོད་ནམས་ཆོས་འཕེལ་དེ་མིན་པར་ཤེས་པར་བྱ) ལོ་མང་པོའི་རྗེས་སུ་ཁོང་གི་སྨ་ར་དཀར་པོར་སོང་ཡང་བཞིན་རས་ལ་གཉེར་མ་ཆགས་མེད་པ་མ་ཟད་བཀྲག་མདངས་ཡང་མ་ཡལ་བར་གནས་འདུག ཁོང་མོ་ཊའི་ཕྱིར་ཐོན་པ་དང་མོ་ཊའི་མཛོད་ཁང་དུ་ངའི་ཆེད་དུ་ཅ་དངོས་ཤིག་ཡོད་པ་ཚོད་དཔག་བྱས། བསོད་ནམས་ཆོས་འཕེལ་གྱིས་མོ་ཊའི་རྒྱབ་ཕྱོགས་སུ་བརྡ་་ཞིག་བྱས་པ་དང་། མོ་ཊའི་ནང་ནས་སྔོན་ཆད་མཐོང་མྱོང་མེད་པའི་དོར་མ་གྱོན་མཁན་གྱི་མི་ཞིག་གློ་བུར་དུ་ཐོན་བྱུང་། ཁོང་གིས་འབྲུག་པའི་ཕྱུ་པ་ཡང་གོན་མི་འདུག བསོད་ནམས་ཆོས་འཕེལ་དང་མི་དེས་ཐོག་མར་ངའི་ལྷན་དུ་སྐད་ཆ་ཡང་མ་བཤད་པར་ཐད་ཀར་སློབ་གྲྭའི་འགན་འཛིན་གྱི་ལས་ཁུངས་སུ་བསྐྱོད་སོང་། དེ་མ་ཐག་ཏུ་ང་ཚོ་སློབ་ཕྲུག་འགའ་ཤས་ལས་ཁུངས་ཀྱི་སྒེའུ་ཁུང་ནས་གསང་སྟེ་ཁོང་རྣམས་ཀྱི་སྐད་ཆ་ཉན་སར་ཕྱིན་པ་ཡིན།
ཁོང་ཚོོ་བཀའ་མོལ་ཡུན་རིང་པོ་གནང་བའི་རྗེས་སུ་སློབ་གྲྭའི་འགན་འཛིན་ཡི་ཤུའི་བླ་མ་མེ་ཁེ་ (Mackey) ལགས་ངའི་སར་བསླེབས་ནས་ད་ནས་བཟུང་ང་སློབ་གྲྭ་དེའི་སློབ་ཕྲུག་མིན་སྐོར་དང་མྱུར་དུ་ནང་དུ་འགྲོ་དགོས་པའི་སྐོར་གསལ་བཤད་བྱས་སོང་། དེ་དང་ལྷན་དུ་རྒན་ལགས་ཁོང་གིས་རང་གི་ཉིན་དེབ་ནང་དུའང་ཉིན་མ་དེའི་གནས་ཚུལ་ཐོ་འགོད་གནང་བྱུང་།
དེ་དུས་ནང་དུ་འགྲོ་རྒྱུ་རགས་པ་ལ་བསམས་ནས་སྤྲོ་སྣང་འཕེལ་ཡོད་དམ། དུས་ཡུན་ཐུང་ཐུང་དེ་དག་གི་ནང་ལ་གསར་དུ་འདྲིས་པའི་གྲོགས་པོ་རྣམས་དང་ཁ་བྲལ་དགོས་བྱུང་བ་ལ་གཞིགས་ནས་སེམས་པ་སྐྱོ་བ་གསལ་པོར་དྲན་གྱི་མིན་འདུག ཁོ་བོ་མཁྱེན་བརྩེ་གོང་མའི་ཡང་སྲིད་ཡིན་པའི་དཀྲོག་གཏམ་མྱུར་བར་སློབ་གྲོགས་རྣམས་ཀྱི་ཁྲོད་དུ་ཁྱབ་བརྡལ་དུ་སོང་བས་ཁོང་ཚོས་སྙད་རྐོ་བ་དང་ཀུ་རེ་བྱེད་རྒྱུ་འགོ་བཙུགས་སོང་། འགའ་ཤས་སྔར་དང་མི་འདྲ་བར་ང་དང་མཉམ་དུ་སྐད་ཆ་བཤད་རྒྱུར་ངོ་ཚ་བ་དང་། གཞན་ཁ་ཅིག་གིས་གུས་ཞབས་དང་བཅས་ཕྱག་དབང་ཞུ་རྒྱུའང་འགོ་བཙུགས་སོང་། དེ་དུས་གནས་སྟངས་གང་བྱུང་གི་ཡོད་མེད་ངས་ཤེས་མ་སོང་། འོན་ཀྱང་དེའི་ཐད་ལ་བསམ་བློ་ཞིབ་ཚགས་པོ་གཏང་རྒྱུའི་དུས་ཚོད་མ་རྙེད།
དེ་མ་ཐག་ཏུ་གྲང་ངར་དང་ཆར་གྱིས་གདུང་པའི་ཉིན་དེ་ཉིད་དུ་ང་ཚོ་སྐྱེལ་འདྲེན་རླངས་འཁོར་ནང་དུ་ཀང་ལུང་ (Kanglung) ནས་ཐོན། འཛིན་གྲོགས་ཕྲུ་གུ་ཚོས་ང་ཚོའི་སྐྱེལ་འདྲེན་རླངས་འཁོར་སྨུག་པའི་ནང་དུ་མ་ཡལ་བར་རྗེས་དེད་བྱས་སོང་། ཉིན་དེ་ནི་ངའི་མི་ཚེ་ནང་དུ་མི་དཀྱུས་མའི་སློབ་སྦྱོང་བྱས་པའི་ཉིན་མཐའ་མ་དེ་རེད། ས་ཆ་དེ་ནས་ལྷོ་ཕྱོགས་རྒྱུད་ཡོངས་ལའི་ (Yongla) ཕྱོགས་སུ་ཕྱིན། འབྲུག་པ་མ་ཡིན་པའི་མི་ཆེན་པོ་དེ་དང་། ཁ་མདོག་ལོག་པའི་འབྲུག་པའི་ཕྱུ་པ་སེར་ཁྲ་གོས་གྱོན་པའི་བསོད་ནམས་ཆོས་འཕེལ་ཁོང་གཉིས་སྣ་ཤུ་དང་བཅས་གཉིད་ཁུག་སོང་། ཕྱིས་སུ་མི་དེ་བོད་ཁམས་ནས་ཡིན་པ་དང་། ཁོང་གི་མིང་ལ་ཨ་ཆོས་ཟེར་གྱི་ཡོད་པ་ཤེས་བྱུང་། ཁོང་སྔོན་བོད་ཤར་ཕྱོགས་སི་ཁྲོན་ (Sichuan) དུ་ཆགས་པའི་རྫོང་སར་བཤད་གྲྭའི་གྲྭ་པ་ཞིག་ཡིན་པ་དང་། རྗེས་སུ་སྐྱ་སར་བབས་ནས་སྒང་ཏོག་ (Gangtok) གི་ས་ཁུལ་སི་ཀིམ་ (Sikkim) གྱི་ས་གནས་སུ་མགྲོན་ཁང་ནང་དུ་ལས་ཀ་བྱས་ནས་བསྡད་འདུགརྒྱུན་དུ་ངའི་རྟོག་པ་ལ་གང་ཤར་གྱི་འདུག་སྙམ་ན། གལ་ཏེ་དེ་འདྲ་བའི་ཉིན་མ་དེ་ངའི་མི་ཚེ་ནང་བྱུང་མེད་ཅིང་། ཁོ་བོ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་དུ་ངོས་འཛིན་མ་བྱས་ཤིང། སྤྲུལ་སྐུའི་འཇིག་རྟེན་གྱི་འཁྲུལ་སྣང་འདིར་ཚུད་མེད་ན་ངའི་མི་ཚེ་འདི་ཅི་འདྲ་ཞིག་ཆགས་ཡོད་དམ་སྙམ། གཅིག་བྱས་ན་ཁོ་བོ་རང་གི་གཅུང་པོ་བཞིན་དུ་གློག་ཀླད་ཆེད་ལས་པ་ཞིག་ཏུ་གྱུར་ནས་ནེའུ་ཇར་སི་ (New Jersey ) ལ་ཇིའུ་ཆོས་ལུགས་པའི་བུད་མེད་ཅིག་དང་ལྷན་དུ་གཉེན་སྒྲིག་བྱས་ནས་སྡོད་ཡོད་སྲིད། ཡང་ན་ཁུངས་མ་འཁྱོལ་བར་དཀའ་ངལ་དུ་མའི་ནང་དུ་ལྷུང་བའི་ཆོས་པ་ཞིག་གི་ངོ་བོར་གནས་ཏེ་པ་ལགས་ཀྱི་སྐུ་ཚེ་སྨད་བསྐྱལ་སའི་ས་གནས་ནེའུ་ཡོག་ (New York) གི་ས་ཆ་ག་གེ་མོ་ཞིག་ལ་ཡོད་སྲིད། ཕྱོགས་གཞན་ཞིག་ན་རྡོ་རྗེ་གླིང་ (Darjeeling) གི་ལྷོ་རྒྱུད་ཀྱི་སློབ་གྲྭར་ཕྱིན་ཏེ་རྒྱ་གར་གྱི་མཐོ་སློབ་འགྲིམས་ནས་རྒྱ་གར་གྱི་སྒྲ་གདངས་འདྲེས་པའི་དབྱིན་སྐད་ཚད་ལྡན་ཞིག་ཤེས་ཏེ་འབྲུག་ལ་ལོག་ཡོད་སྲིད།
རང་ཡུལ་དུ་ལོག་ནས་རྒྱ་གར་གྱི་འགྲོ་གྲོན་བཏང་བའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཆེད་དུ་བཙུགས་པའི་གཞུང་གི་ལས་ཁུངས་ཤིག་ཏུ་དྲུང་ཆེའི་ལས་ཀ་བྱེད་ནས་གནས་ཡོད་སྲིད། འོན་ཀྱང་ཁོ་བོའི་སྙིང་ལ་རང་གི་པོ་པོར་ཡོད་པའི་དགའ་ཞེན་དང་འདུན་པ་ལ་གཞིགས་ན། ཕལ་ཆེར་སྒོམ་ཆེན་ཞིག་ཏུ་གྱུར་ནས་ཕྱུ་པའི་ནང་དུ་འདོམས་རས་ཡང་མི་གྱོན་ཞིང་དུས་ཚོད་ཕལ་མོ་ཆེར་ར་བཟི་སྟེ་མཚན་མོ་བུད་མེད་བཙལ་ནས་གཡས་གཡོན་གྱི་གྲོང་དུ་བྱི་ཕྲུག་མང་པོ་བཟོས་ཏེ། ད་ཆ་ངའི་གདོང་དབྱིབས་འདྲ་བའི་ཕྲུ་གུ་མང་པོ་ཞིག་འབྲུག་ཤར་ཕྱོགས་སུ་འཁྱམ་ཉུལ་བྱས་ནས་སྡོད་ཡོད་པའང་ཤིན་ཏུ་སྲིད་པ་ཡིན།
Wow! Thank you Rinpiche la. This is such a great autobiography. And thanks to the translator who have translated it so beautifully. I can imagine the moments while reading.
མངོན་པར་བསྟོད།
ལས་མཐའ་རྒྱུན་འཁྱོངས་ཡོང་བར་སྨོན།
དུས་ནམ་ཡང་རྗེས་སུ་ཡི་རང་ཞུ།
Wooow so sweet Sweet translation
Thanks
དངོས་ནས་ཡག་པོ་བསྒྱུར་འདུག
གོ་བདེ་བོ།
དོན་གནད་ལ་ཁེལ་བ་འདུག