ལེའུ་དྲུག་པ། དྲན་ཤེས་དང་བརྗིད་ཉམས།
དྲན་ཤེས་ནི་འཕགས་པའི་གང་ཟག་རྣམས་ཀྱི་ཆེད་དུ་མིན་ཏེ། འཕགས་པ་རྣམས་ཀྱི་ངོར་འདས་པ་ཞེས་པ་མེད་ལ། དེ་མེད་པས་དེ་ལ་ལྟོས་པའི་ད་ལྟ་བ་དང་མ་འོངས་པའང་མེད། དུས་འདས་པ་ནི་སོ་སོ་སྐྱེ་བོར་མཁོ་བ་ཞིག་སྟེ། དེ་ལ་གཞིར་བཟུང་ནས་མ་འོངས་པ་འབྱུང་བའི་རེ་འདུན་དང་སྔོན་དཔག་བྱེད།
བདག་ལ་འདས་པ་དྲན་པའི་བཅད་ཤེས་མང་པོ་ཞིག་ཡོད་མོད། འོན་ཀྱང་མྱོང་བ་དུ་མ་ཞིག་ནི་དྲན་པའི་ཡུལ་དུ་གནས་མེད། འདས་པའི་མྱོང་བ་ཁ་ཅིག་གཏན་ནས་དྲན་པ་བརྗེད་ཟིན་ཡང་། མང་པོ་ཞིག་ད་ལྟའང་ཕྱིར་དྲན་བྱེད་ཐུབ། དྲན་པ་བརྗེད་ཚར་བ་རྣམས་བསྐྱར་དྲན་བྱེད་པའི་ཐབས་ཤེས་གཅིག་པུ་ནི་བསོད་ནམས་པད་ཚལ་གྱི་དྲི་ལྟ་བུའི་དྲི་དཀྱུས་མ་སྣ་ལམ་དུ་འབྱུང་རྒྱུ་དེ་རེད། དྲན་ནུས་པའི་རྣམ་རྟོག་ཡོད་པ་ནི་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཀྱང་ཡིན་ཏེ། དེས་ཁོ་བོས་འཕགས་པའི་གོ་འཕང་རྙེད་མེད་པ་ཁུངས་སྐྱེལ་ར་སྤྲོད་བྱེད་པས་ནའོ།། འོན་ཀྱང་ལས་དང་པོ་པའི་སྐབས་འདིར་ངའི་ལམ་སྒྲུབ་པ་ལ་དྲན་པས་ཕན་པ་རྒྱ་ཆེར་ཐོགས།
ཕྱི་ལོ ༢༠༡༦ ཟླ་བ ༨ པའི་ནང་ངོས་རང་འབུམ་ཐང་དུ་སྐུ་རྗེས་ལྷ་ཁང་ལ་ཕྱིན་པ་ཡིན། ལྷ་ཁང་དེར་མ་སླེབས་པར་ཕལ་ཆེར་ལོ་ངོ་བཅུ་ཕྲག་གསུམ་ལྷག་སོང་ཡོད་འདུག ལྷ་ཁང་འདི་ནི་རྒྱལ་ཡུམ་ཨ་ཤི་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་སྟེ་ད་ལྟའི་ཁྲི་འཛིན་རྒྱལ་པོའི་རྨོ་མོ་ལགས་ཀྱིས་ཕྱི་ལོ ༡༩༩༠ ནང་དུ་འབུམ་ཐང་ཞེས་པའི་གནས་རྩ་ཆེན་དེར་བཞེངས། གནས་འདི་ནི་སྔར་དཔོན་པོ་དང་སྐུ་དྲག་རྣམས་གནས་སའི་བསྟི་གནས་ཤིག་ཡིན། ཕྱི་ལོ ༡༩༥༠ ང་གྲངས་བར་དབང་ཕྱུག་ཁྱིམ་བརྒྱུད་ཀྱི་གནས་ཀྱང་ཡིན། རྒྱལ་ཡུམ་གྱིས་ཕྱག་བཏབ་པའི་དགོན་པ་འདི་ནི་མཛེས་པའི་པྲོག་ཞུ་དང་འདྲ་བའི་འབུམ་ཐང་ལ་རིན་ཆེན་ཕྲ་ཚོམ་གྱིས་བརྒྱན་པ་དང་གཅིག་མཚུངས་སུ་གྱུར།
ལྷ་ཁང་གི་ཚོམས་ཆེན་འདི་དཔེ་མེད་ཆེན་པོ་ཡོད་པས་མི་མང་འདུ་འཛོམས་ཀྱི་ཆེད་དུ་ཤིན་ཏུ་འཚམ་པོ་ཞིག་ཡོད་མོད། འོན་ཀྱང་ཕྱོགས་གཅིག་ཁོ་ན་ལས་གཞོགས་གཞན་རྣམས་ལ་རྩིག་གྱང་མེད་པའི་ལྷ་ཁང་གི་བར་ཁྱམས་ནི་རྒྱར་རིང་ལ་ཞེང་ཆུང་ཞིང་གུ་དོག་པ་ཞིག་ཡོད། བར་ཤུར་དེ་ནི་ཁང་པའི་སྒོ་ཁྱམས་ལྟ་བུ་ཞིག་ཡོད་ཅིང་འབྲུག་གི་ལུགས་སྲོལ་ལ་ལྷ་ཁང་ཡོངས་རྫོགས་དེ་ལྟར་བཞེངས་སྲོལ་མཆིས། བར་ཁྱམས་དེར་དྲིལ་བུ་ཆུང་ཆུང་མང་པོ་བཏགས་ཡོད་པས་མཇལ་ཁ་བཅར་མཁན་ཚོས་དྲིལ་བུ་རྣམས་དཀྲོལ། རྩིག་ཁྱམས་དེ་ཉལ་ཁང་དུ་བྱས་ན་འཚམ་པོ་གཏན་ནས་མེད་མོད། ཐུན་མིན་གྱི་ཚོར་བ་ཞིག་བྱིན་ཅིང་དྲི་བསུང་ལྡན་པའི་ལྷ་ཁང་ནང་དུ་ཁོ་བོ་གོམ་པ་བརྒྱབ་ནས་འགྲོ་སྐབས་དེ་མ་ཐག་ཏུ་བར་ཁྱམས་དེར་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གཟིམས་ཁྲི་ཞིག་གི་སྟེང་དུ་སྐུ་མས་གསོས་ནས་བཞུགས་པ་ཐོལ་གྱིས་དྲན་པར་ལྷང་ལྷང་ཤར་ཏེ་ཕྱིར་དྲན་འདི་ལྟར་བྱས། གནས་དེར་རིན་པོ་ཆེ་བདུན་ཕྲག་རེ་རེའམ་སྐབས་འགར་ཟླ་བ་གཅིག་ལས་མང་བ་ཡང་བཞུགས། ང་དང་རིན་པོ་ཆེའི་ཞབས་ཕྱི་འགའ་ཤས་མཚན་མོ་ལྷ་ཁང་ནང་དུ་ཉལ་གྱི་ཡོད་ཀྱང་ཉིན་མོ་མལ་ཆས་རྣམས་བསྡུས་ཏེ་བཞག་གི་ཡོད། གོམས་གཤིས་ངན་པས་བསླད་པའི་སོ་སྐྱེའི་སྣང་ངོར་བར་ཁྱམས་དེར་གནས་བཅའ་ནས་བསྡད་ན། མང་ཚོགས་འཛོམས་པའི་གསོལ་ཚིགས་ཁང་ཞིག་ཏུ་སྡོད་པ་དང་ཆ་མཚུངས་པར་སྣང་བས་བར་ཁྱམས་དེར་གནས་མལ་བཅའ་ནས་ཉལ་རན་ཆོག་པ་ཞིག་གཏན་ནས་མེད། ཁྱམས་དེར་ཁྲུས་ཁང་དང་གསང་སྤྱོད་ལྟ་ཞོག་སྒོ་ཙམ་ཡང་མེད་ལ། འཆའ་སྒམ་དང་ཟུར་ཅོག་གིས་ཀྱང་དབེན་པས་རྒྱས་སྤྲོས་དང་བག་ཕེབས་ཀྱི་རྣམ་པ་ག་ལ་མཆིས། འོན་ཀྱང་རིན་པོ་ཆེ་ཁོང་དེར་བཞུགས་པ་དང་། གཟིམས་པ་དང་། སྐུ་ཉིད་ཀྱི་ན་གཟའ་རྣམས་གཙང་འཁྲུས་དང་བཅས་ལྟེབ་ཚིགས་བརྒྱབ་ཏེ་བཞག ཡི་གེའང་དེར་བཀླགས་ལ། མི་མང་རྣམས་ལ་མཇལ་ཁའང་དེར་གནང་གི་ཡོད། གནས་དེར་ཁོང་ལ་ཡོད་པའི་ཆ་རྐྱེན་ནི་སྲབ་པའི་རས་ཡུག་གི་སྒོ་རས་ཤིག་ཡིན་ཀྱང་དེ་ཡང་ཕལ་ཆེར་ཕྱེས་ནས་བཞག
སླར་ཡང་སྐུ་རྗེས་ལ་འབྱོར་ནས་དགའ་པོ་བྱུང་། ཟླ་བ་འགའ་ཤས་གོང་དུ་བདག་ལ་རྒྱལ་ཡུམ་སྐུ་ཉིད་ཀྱི་ཕྱག་གིས་བྲིས་པའི་འཕྲིན་ཡིག་ཞིག་གཟི་བརྗིད་ལྡན་པའི་ཡིག་སྐོགས་ལ་ཞུས་ཁ་སྦྱར་བ་ཞིག་གི་ནང་དུ་བཅུགས་ནས་འབྱོར་སོང། རྒྱལ་ཡུམ་ལགས་ཀྱིས་ཐུགས་བརྩེ་ཆེན་པོའི་ངང་ནས་དགོན་གནས་དེར་སྒྲུབ་ཆེན་ཞིག་ཚོགས་རྒྱུའི་བཀའ་ཁྲོལ་གནང་། ཁོ་མོ་ཐུགས་བྲེལ་ཧ་ཅང་ཆེ་ན་ཡང་མགྲོན་ཤོག་རྣམས་སྐུ་ཉིད་ཀྱི་ཕྱག་གིས་བྲིས་སྲོལ་ཡོད་ལ། བཟང་སྤྱོད་འདི་ངས་ཀྱང་ལག་བསྟར་བྱེད་ཐབས་བརྩམས་ཀྱང་། དེ་ལྟར་བྱེད་པ་ལ་དུས་ཚོད་འགོར་བ་མ་ཟད་བཟོད་བསྲན་ཡང་གང་འཚམ་དགོས་འདུག་པས། ཡུན་རིང་མ་འགོར་བར་གོམས་གཤིས་དེ་རྒྱུན་སྐྱོང་མ་ཐུབ་པར་བློས་བཏང་དགོས་པ་བྱུང་། ཕྱག་ཡིག་དེ་ལག་སོན་བྱུང་བ་དང་བསྐྱར་དུ་འདས་པའི་དྲན་པ་གཞན་ཞིག་ཡིད་ལ་ཝ་ལེར་ཤར།
རྒྱལ་ཡུམ་ལགས་དང་མཇལ་འཕྲད་ཐོག་མ་དེ་འབྲུག་གི་རྒྱལ་ས་ཐིམ་བུའི་རྒྱལ་ཁང་བདེ་ཆེན་ཆོས་གླིང་དུ་བྱུང་། ཁོ་མོ་རྒྱལ་ཁང་དེར་རྒྱལ་རབས་གསུམ་པ་ནས་བཞི་པའི་བར་སྟེ་ཕྱི་ལོ ༡༩༥༣-༢༠༠༩ བར་བཞུགས་ཡོད། ཁོར་ཡུག་དེས་ང་ལ་ཡ་མཚན་སྐྱེར་བཅུག་པའི་ཚོར་སྣང་ཞིག་སྤྲད་བྱུང་བ་ནི། ཁོ་བོའི་བློ་ངོར་སྐྱིད་སྣང་ལྡན་པའི་མྱོང་བ་ཟེར་རྒྱུ་དེ་ཅི་འདྲ་ཞིག་ཡིན་པ་རྒྱལ་ཁང་དེ་ཉིད་མཐོང་ནས་ད་གཟོད་ཤེས་བྱུང་། རྒྱལ་ཁང་དམ་ཆོས་གླིང་ནི་འབྲུག་རྒྱལ་ཡོངས་ནང་གི་ཆེས་མཛེས་སྡུག་ལྡན་ལ་བརྗིད་ཆགས་པའི་གནས་ཤིག་ཡིན། ཕྱིས་བྱུང་གི་ཕྱུག་བདག་དུ་མས་རིན་ཆེ་བའི་ཁང་པ་གསར་པ་དུ་མ་ཞིག་བཞེངས་ཡོད་མོད། དེ་དག་ཀུན་ཀྱང་ཚོན་རྩི་མ་འགྲིག་པའམ། ལྡེབས་རིས་དང་རྐོས་རིས་བརྒྱན་དྲགས་པ་དང་། ཡང་ན་ཁང་པའི་ཐོག་པང་ཚོའང་བྷེང་སྐོག་ (Bangkok) གི་ཚོན་རིས་བཀོད་ཚུལ་དང་མཚུངས་པར་བཀོད་ཡོད། བདག་ལ་གང་བཤད་རྒྱུ་ཡོད་ཅེ་ན་འབྲུག་ནི་ནམ་ཡང་བྷེང་སྐོག་ (Bangkok) གི་བཟོ་བཀོད་རིག་པ་ལས་བརྒལ་ཏེ་འགྲོ་མི་སྲིད་པའི་ཚོར་སྣང་ཤུགས་ཆེར་བྱུང་། གནད་དོན་དེ་དག་ལ་གཞིགས་ཚེ་བློ་ཞུམ་ནས་གཉའ་ཡང་ཆག །
འོན་ཀྱང་བདེ་ཆེན་ཆོས་གླིང་གི་ལྡུམ་རའི་ནང་དུ་ཞུགས་ཏེ། སྤྲོས་མེད་ངང་ཚུལ་ལྡན་པའི་མཛེས་སྡུག་དེ་མཐོང་ན་སུ་ཡང་ཡ་མཚན་སྐྱེ་ངེས། དེ་མཐོང་ཙ་ན་འབྲུག་རྒྱལ་ཁབ་ཀྱི་ཐུན་མིན་གྱི་ཁྱད་ཆོས་ངོ་མ་དེ་མཐོང་ལ། དེར་མ་ཟད་དབྱིན་ཡུལ་ནས་དར་བའི་ལྡུམ་རའི་བཀོད་དབྱིབས་ཀྱང་མཆིས། དེས་གང་མཚོན་ནུས་ཤེ་ན། རྒྱལ་ཁང་གྱི་མི་སྣ་གལ་ཆེན་ཞིག་ཅི་ནས་ཀྱང་ཐག་རིང་གི་ལུང་པ་གཞན་དང་གཞན་དུ་དུས་ཡུན་རིང་པོར་ཉུལ་ནས་གནས་པ་གསལ་ཐུབ་ཅིང་། དམིགས་བསལ་དབྱིན་ཡུལ་གྱི་རྒྱལ་ས་ལན་ཌོན་ (London) གྱི་རེ་འཇི་མེན་ཊིའི་སྔོ་ལྡུམ (Regent’s Park) དུ་གནས་པ་ཤེས་རྟོགས་ཐུབ། འབྲུག་ལ་མཚོན་ན་སྔོ་ལྗང་རྩི་ཤིང་གི་ལྡུམ་ར་སྟེ་མི་མང་སྤྲོ་འཆམ་བྱ་སའི་ལྡུམ་ར་འཛུགས་བསྐྲུན་བྱེད་པའི་ལུགས་སྲོལ་མེད། དེས་ན་རྒྱལ་ཡུམ་གྱིས་གཞན་ལ་དཔེ་བལྟས་ནས་ལྡུམ་ར་དེ་འབྲུག་གི་ལུགས་སྲོལ་དང་མཐུན་པར་འཛུགས་བསྐྲུན་བྱས་པ་གོར་མ་ཆག ཁོ་མོའི་ལྡུམ་རའི་ནང་དུ་གཅན་གཟན་ཡང་ཡོད། ཉིན་ཞིག་ལྡུམ་རའི་ནང་དུ་དོམ་གཉིས་རྒྱུགས་ནས་ཕྱིན་པར་མཐོང་བ་ད་ལྟའང་གསལ་པོར་དྲན།
རྒྱལ་ཡུམ་ལགས་ཀྱིས་བདག་ལན་གྲངས་འགའ་རྒྱལ་ཁང་དུ་མགྲོན་དུ་འབོད་བྱུང་བར་སྐལ་པ་བཟང་པོ་ཞིག་ཏུ་རྩིས་བཞིན་ཡོད། མི་ཚོགས་མང་པོའི་མཉམ་དུ་ཡིན་ཡང་འདྲ། ཁེར་རྐྱང་ཡིན་ཡང་རུང་གུང་ཚིགས་དང་། དགོང་ཚིགས། དེ་བཞིན་ཉིན་རྒྱབ་ཀྱི་ཇའི་ཆེད་དུ་སྐུ་མགྲོན་དུ་འབོད་ཚེ་ཞེ་དྲགས་ཀྱི་སྤྲོ་སྣང་ལྡན་པ་ཚོར། དེའི་རྒྱུ་མཚན་ཡང་མགྲོན་དུ་འབོད་པ་དེ་ནི་ལུགས་སྲོལ་ཙམ་མིན་པར་ཆོས་ཀྱི་ལག་ལེན་དང་མཐུན་པར་བྱེད་ཀྱི་ཡོད་པས་ཅི་ལ་མིན། རྒྱལ་སྒོའི་ནང་དུ་ཞུགས་མ་ཐག་རིག་འཛིན་འཇའ་ཚོན་སྙིང་པོའི་ལྡེབས་རིས་མིའི་གཟུགས་ཀྱི་ཚད་དང་མཉམ་པ་ཞིག་ཡོད་པ་དེས་སྐུ་མགྲོན་རྣམས་ཕེབས་བསུ་ཞུ། ཁོང་ནི་རྙིང་ལུགས་ཀྱི་གཏེར་སྟོན་པ་གལ་ཆེན་ཞིག་ཡིན་ཞིང། ལྡེབས་རིས་དེ་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལམ་སྟོན་བཞིན་རྒྱལ་ཡུམ་གྱིས་བཞེངས་སུ་བཅུག་པ་ཕྱིས་ཤེས་རྟོགས་བྱུང་། རྒྱལ་ཡུམ་མ་མཐོང་གོང་ཉེ་འཁོར་དུ་ཁོ་མོའི་གཟི་བརྗིད་ཀྱི་མཁའ་རླུང་ལྡང་བ་མ་ཟད། ཁོ་མོ་ཉེ་སར་ཡོད་པ་ཉེ་འཁོར་གྱི་མི་ཚོའི་འཚབ་འཚུབ་ཀྱི་སྤྱོད་ལམ་གྱིས་ཀྱང་ཚོར་ཐུབ། ཐོག་མར་དམག་གི་སྒྲིག་ཆས་ཡོངས་རྫོགས་བགོས་པའི་སྐུ་སྒེར་གྱི་སྐུ་སྲུང་བ་ཁག་ཅིག་རྒྱལ་སྒོ་རུ་ང་དང་ངའི་རོགས་པ་རྣམས་བསུ་རུ་འོངས། ང་སྤྲུལ་སྐུ་ཆུང་ཆུང་ཞིག་ཡིན་ན་ཡང་ཁོང་ཚོས་ང་ཐོག་མར་མཐོང་དུས་རང་གི་དམག་ཞྭ་རྣམས་ཕུད་ནས་གུས་འདུད་དང་བཅས་ཕྱག་དབང་ཞུས། དེ་ནས་དམག་མི་ཚོས་ང་ཚོ་རྒྱལ་མོ་སྒུག་བཞུགས་སའི་གནས་ཁང་དུ་ཁྲིད།
རྒྱུ་མཚན་ཅི་འདྲ་ཞིག་གི་ཆེད་དུ་རྒྱལ་ཁང་དུ་སྐུ་མགྲོན་དུ་འབོད་ན་ཡང་། སྐུ་མགྲོན་རྣམས་རྒྱལ་ཡུམ་སྐུ་སྒེར་གྱིས་སྣེ་ལེན་ཞུ་ཡི་ཡོད་ལ། བཀའ་མོལ་ཡང་ཞིབ་ཚགས་པོ་གནང་། ངའི་དྲན་ཚོད་ལ་ཁོ་མོའི་ལུས་ལ་མཛེས་བཟོའི་བྱུག་རྫས་རྣམས་མི་བྱུག་པ་མ་ཟད་སྟོད་གོས་དང་སྨད་གོས་རྣམས་ཀྱང་ཉམས་ཆུང་ལ་བརྗིད་ཉམས་དོད་པ་ཞིག་ལས་མེད་ཀྱང་། ཁོ་མོ་ནི་ལྷན་སྐྱེས་ཀྱིས་ཡིད་དབང་འཕྲོག་པ་ཞིག་ཏུ་མངོན། སྐུ་སྲུང་བས་ཁོ་མོ་ལ་ཁ་བཏགས་ཕུལ་རྗེས་ཁ་བཏགས་དེ་ངའི་ཁ་བཏགས་དང་རྗེས་ལེན་བྱེད་ཀྱི་ཡོད། རྟག་པར་གུས་ཞབས་ཀྱི་ཚུལ་དུ་ཁོ་མོ་ང་ལས་མགོ་བོ་ཅུང་དུད་དེ་ཁོ་མོའི་ཁ་བཏགས་དེ་ངའི་ཁ་བཏགག་གི་འོག་ཏུ་ཚུད་ཐུབ་པ་གནང་གི་ཡོད། གཞན་ལ་གུས་ཞབས་བྱེད་ལུགས་འདི་མཐོང་དུས་ངའི་སྣང་ངོར་ཁོ་མོ་གཟི་བརྗིད་ཆེ་རུ་ཕྱིན་སོང་།
དེ་རྗེས་རྒྱལ་ཡུམ་དང་ལྷན་དུ་རྒྱལ་ཁང་ནང་ལ་སྐུ་སྲུང་བ་དང་། བློན་པོ་ཡོངས་རྫོགས་རྐང་རྗེན་མར་བཞུགས་ཡོད་སར་ཕྱིན། གུས་པས་བསམས་ན་བྲུག་གི་ཐུན་མིན་གྱི་རིག་གཞུང་གི་ཕོའི་ཕྱུ་པ་འདི་རྐང་རྗེན་མའི་ཐོག་ཏུ་གྱོན་ན་འཚམ་ཤོས་འདུག འབྲུག་ཆས་དེ་ཐིག་རིས་ལྡན་པའི་རྐང་ཤུབས་སམ (Nike) རྟགས་ཅན་གྱི་རྐང་ཤུབས། དེ་བཞིན་བཟོ་གྲྭ་དེ་ནས་འཐོན་པའི་རྩེད་ལྷམ་གྱི་སྟེང་དུ་གོན་ན་བློ་ལ་བབས་པོ་ཞིག་གཏན་ནས་མི་འདུག སྐུ་སྲུང་བ་ཚང་མ་ཡང་ཉམས་མྱོང་ལྡན་པ་ཤ་སྟག་སྟེ། ཁོང་རྣམས་ཀྱིས་ང་ཚོ་མཐོང་མ་ཐག་མྱུར་བར་འུར་སྒྲ་དང་ལྡིར་སྒྲ་གང་ཡང་མེད་པར་འཇམ་ཐིང་ཐིང་ངང་རྒྱུགས་ནས་རྒྱལ་ཁང་གི་སྒོ་ཐད་དུ་བསུ་སར་སླེབས། བདག་ཉིད་ལ་མཚོན་ན་ཞ་ལ་དེ་ཕྱི་བདར་ཧ་ཅང་ཡག་པོ་བཏང་ཡོད་སྟབས་འདྲེད་བརྡབ་ཤོར་མི་འོང་ངམ་སྙམ་པའི་དོགས་པ་དང་བཅས་གཟབ་གཟབ་བྱས་ནས་ཕྱིན་པ་ཡིན།
ང་ཚོ་གནས་དེ་ནས་སྟེང་ཁང་དུ་ཡོད་པའི་ལྟ་ན་སྡུག་པའི་ཚོམས་ཆེན་དུ་ཁྲིད་བྱུང་། ཚོགས་ཁང་གི་གྱང་ཚོན་རྣམས་ཧ་ཅང་ཧར་པོ་དང་ཧ་ཅང་སྣུམ་པོ་ཡང་མིན་པར་ཤིན་ཏུ་འོས་ཤིང་རན་པ་ཞིག་སྟེ། ཚོན་རྩི་དེ་དག་ནི་འབྲུག་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་མཐུན་པར་སྔོ་ཚལ་བཙོས་ཏེ་བཟོས་པ་ཞིག་རེད། ཚོམས་ཆེན་ནང་དུ་ཨི་ཊ་ལི་ (Italy) ནས་འཐོན་པའི་གྲགས་ཅན་གྱི་འབོལ་སྟེགས (Sofa) དང་། རྒྱ་ནག་ནས་འཐོན་པའི་སྤྲོས་བཅས་ཀྱི་ཟུར་ཅོག་དག་ཀྱང་མེད། ཐ་མལ་གྱི་འབོལ་ཁྲི་དང་སྤྲོས་པ་དང་བྲལ་བའི་ཅོག་རྩེ་དུ་མས་ཁེངས་པ་རྣམས་ཀྱང་འབྲུག་གི་རིག་གཞུང་དང་མཐུན་པ་ཤ་སྟག་རེད། ལི་ཁྲིའི་མདོག་ཅན་གྱི་གྱང་ངོས་སུ་རྒྱལ་བཙུན་སྟོན་འཁོར་གྱི་ཚོན་མེད་པའི་ཡིད་དུ་འོང་བའི་འདྲ་པར་དུ་མ་པར་སྒྲོམ་བཀོད་དབྱིབས་ཤིན་ཏུ་ལེགས་པའི་ནང་དུ་བསྒྲིགས་འཇུག་གནང་ནས་བཤམས་འདུག རྒྱལ་ཁང་གི་ནང་ཁང་ཞིག་ཏུ་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་བརྙན་དང་དེའི་མདུན་དུ་མཆོད་སྤྲིན་གྱི་ཕུང་པོ་དུ་མ་བཤམས་འདུག མཆོད་རྫས་རྣམས་ཀྱང་ཕྱོགས་གཅིག་ཏུ་རྡོག་དྲིལ་བྱས་ནས་དཔུང་པ་ལྟ་བུ་མིན་པར་མཆོད་པའི་བྱེ་བྲག་ཀུན་ཀྱང་ཞིབ་ཚགས་ཀྱིས་གདམ་གདམ་གསིལ་གསིལ་བྱས་ནས་ཡིད་དུ་འོང་བའི་བཀོད་པ་དང་བཅས་བསྒྲིགས་འཇོག་གནང་ཡོད། ས་ཕྱོགས་དེ་ནི་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་སྐུ་རིམ་སྒྲུབ་ས་ཡིན་པར་གདའ། སྐབས་འགར་རྒྱལ་ཡུམ་ལགས་ཀྱིས་ང་ཚོ་མགྲོན་དུ་འབོད་སྐབས་རིན་པོ་ཆེ་ཁོང་དེར་བཞུགས་ཡོད།
བདག་ལ་རྟག་པར་རྒྱལ་ཡུམ་ལགས་ཀྱིས་གོས་ཆེན་གྱིས་བཀབ་པའི་འབོལ་ཁྲི་དམིགས་བསལ་ཞིག་ཏུ་སྡོད་རྒྱུར་ཨུ་ཚུགས་རྒྱབ་ཀྱི་རེད། ང་བསྡད་ཚར་ནས་གཞན་རྣམས་རང་སར་འཁོད། ཐོག་མ་འབྲུག་གི་ཐུན་མོང་མ་ཡིན་པའི་བསུ་ཇ་དང་དྲི་བཟང་འདྲེས་པའི་འབྲས་སིལ་གཉིས་བ་སོ་ལས་བྱས་པའི་ཕོར་པའི་ནང་དུ་དངུལ་ཐུར་དང་བཅས་འདེགས་འབུལ་བྱས། སྐུ་མགྲོན་གྱི་ཕོར་པ་ནམ་ཡང་སྟོང་པ་བཞག་སྲོལ་མེད། དེ་རྗེས་ཨ་ཤོམ་གྱིས་ཁེངས་པའི་བང་ཆུང་དང་། འབྲས་བརྔོས་མ། དེ་བཞིན་རྒྱལ་ཁང་དུ་བཟོས་པའི་ཟས་རིགས་ཙག་ཙིག་དུ་མ་འདེགས་འབུལ་ཞུས། ཟས་རིགས་དེ་དག་ནི་རྒྱལ་ཁང་ནང་ཁོ་ན་ལས་ཁྲོམ་རའི་ནང་ཉོ་རྒྱུ་མེད་པས་དེའང་རྒྱལ་ཁང་གྱི་སྤྲོས་པ་ཡོངས་སུ་རྫོགས་པར་བྱེད་པའི་ཆ་ཤས་ཞིག་ཏུ་མངོན།
དགུང་ཚིགས་ཀྱང་དེར་འདེགས་འབུལ་བྱེད་པའམ་ཡང་ན་གསོལ་ཚོགས་ཁང་དུ་འདེགས་འབུལ་ཞུ། ཞབས་ཞུ་བ་རྣམས་སྡེར་མ་དང་། ཕོར་པ། ཤེལ་མོག ལག་རས་རྣམས་འཁུར་ནས་འོངས། ལག་རས་ཀྱི་ཁ་མདོག་དང་ཐིག་རིས་རྣམས་མཐུན་པ་མ་ཟད། ལག་རས་ཆགས་ཉེས་མ་བྱུང་བའི་སླད་དུ་དབུས་ཏི་ (ironed) ཡང་བརྒྱབ་ཡོད། རྒྱལ་ཡུམ་ལགས་སྐུ་མགྲོན་རྣམས་ཀྱི་སར་རིམ་པར་ཕེབས་ཏེ་སྒྲུང་གཏམ་སྙན་པོ་དག་གསུང་རྒྱུར་མཉེས་པོ་ཡོད་ཀྱང་། ཁོ་མོས་སྐད་ཤུགས་ཆུང་ཆུང་ངང་བཀའ་མོལ་གནང་གི་ཡོད་སྟབས་རྒྱུན་དུ་རྣ་བ་བླགས་ཏེ་ཉན་དགོས། ཁོ་མོས་རྟག་པར་ནན་ཏན་གྱི་ཚུལ་དུ་བདག་ལ་ཁ་ལག་མང་པོ་བཟའ་དགོས་པར་གསུངས། “ཁྱེད་ཀྱིས་བཞེས་ལག་ཡག་པོ་མཆོད་ན་འཕྲོད་བསྟེན་ཡག་པོ་ཆགས་ཀྱི་རེད” ཅེས་གསུངས། དེས་ན་ངས་ཁ་ལག་བཟས་དྲགས་ནས་དབུགས་ཀྱང་འབྱིན་རྔུབ་བྱེད་པ་ལ་དོག་པོ་གྱུར་གྱི་ཡོད།
མགྲོན་བསུ་ཁང་གི་ནང་དུ་རྒྱུན་དུ་ཚིག་ཇའམ་ཇ་འཐུང་བའི་རྗེས་སུ་ཁ་ལག་འདེགས་འབུལ་བྱེད་ཀྱི་ཡོད། སྐབས་འགར་བདག་རྒྱལ་ཁང་དུ་ཇ་འཐུང་བའི་ཆེད་དུ་འགྲོ་ཡི་ཡོད། རྒྱལ་ཡུམ་གྱིས་དབྱིན་ཇ་དམིགས་བསལ་ཞིབ་ཚགས་དང་དོ་དན་ངང་བཟོས་ཀྱི་རེད། སྤུས་ཀ་ལྡན་པའི་ཇ་ལོ་འདེམས་སྒྲུག་བྱེད་པ་མ་ཟད་འོ་སྣོད་དང་། ཇ་སྣོད་ཚ་དམ་དག་ཀྱང་ནན་ཏན་གྱི་ཚུལ་དུ་བཀོད་སྒྲིག་སྤུས་དག་དང་བཅས་སྒྲིག་ཤོམ་བྱེད། རྒྱལ་ཡུམ་ལགས་ཀྱིས་རྒྱུན་དུ་ཞབས་ཞུ་བ་ཚོས་ཇ་ཕོར་ནང་དུ་འོ་མའི་སྔོན་ལ་ཇ་བླུགས་ཀྱི་འདུག་དང་མི་འདུག་ཞིབ་ཚགས་ངང་བལྟ་ཡི་རེད། ངས་གཞིགས་ན་ཁོ་མོས་འཇོར་ཇི་ཨོར་ཝལ (George Orwell) གྱིས་བརྩམས་པའི་སྤུས་ཀ་ལེགས་པའི་ཇ་ཇི་ལྟར་བཟོ་དགོས་མིན་གྱི་སྐོར་གསལ་བའི་དེབ་དེ་ལྗགས་ཀློག་གནང་ཡོད་པ་འདྲ། སྐབས་རེ་རྒྱལ་ཡུམ་ལགས་ཀྱིས་ཚོན་རིས་སྣ་ཚོགས་ཀྱིས་བརྒྱན་པའི་ཤེལ་ཕོར་ཆུང་ཆུང་ནང་དུ་ཕོ་བ་རིལ་ (mint) གྱི་ཇ་གནང་གི་རེད། ཁོ་མོས་ལས་ཀ་གང་བྱས་ཀྱང་ཤིན་ཏུ་མཛེས་ཉམས་ལྡན་པའི་སྒོ་ནས་བྱེད་ཀྱི་ཡོད། དེ་ཡང་དཔེར་ན་འབྲུག་གི་མཛེས་ཉམས་དང་། དབྱིན་ལུགས་ཀྱི་མཛེས་ཉམས། དེ་བཞིན་ཡུལ་ལུང་གཞན་དང་གཞན་གྱི་ཉམས་འགྱུར་དང་བག་ཕེབས་ཀྱི་རྣམ་འགྱུར་གཞན་དང་གཞན་སོགས་ཀྱང་ངོ་། དེ་འདྲའི་བཅོས་མིན་དང་འཁྱོག་བྱེད་གང་ཡང་མེད་པའི་གཙང་ཞིང་དང་བའི་མཛེས་པའི་ཉམས་འགྱུར་ནི་དེང་སང་འཛམ་གླིང་ནང་མཐོང་བ་ཤིན་ཏུ་དཀོན།
ལོ་ཤས་གོང་ཁོ་བོ་ཐེངས་ཤིག་བོད་ལ་ཕྱིན་པའི་སྐབས་སུ་ཕྱུག་པོ་ཆགས་ནས་ཡུན་རིང་མ་ལོན་པའི་རྒྱ་ནག་དང་བོད་པའི་ཕྱུག་བདག་ཁག་ཅིག་རང་གི་དཔལ་འབྱོར་གཞན་ལ་ངོམས་ཤིང་འགྲན་རྩོད་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་། ཁོ་བོ་སོ་བཞི་ཆ་གཅིག་གསེར་སོ་བརྒྱབ་ནས་ཡོད་པའི་ཁམས་པ་དང་ཞིག་ཐུག་སོང་། མི་དེས་ “སོ་ལྷག་མ་རྣམས་ལའང་གསེར་བཀར་རྒྱུ་ཡིན། གང་ཡིན་ཟེར་ན་རང་གི་རྒྱུ་ནོར་གཞན་ལ་མ་ངོམས་ན་གཞན་གྱིས་བརྙས་བཅོས་བྱེད་ཀྱི་རེད།” ཅེས་བཤད་སོང་། ཉེ་ཆར་ང་ལྷ་སར་ཕྱིན་པ་ཡིན། གོ་སྒྲིག་པས་ངའི་ཆེད་དུ་ (Intercontinental Hotel) གྱི་ནང་དུ་མགྲོན་ཁང་ཞིག་གླས་འདུག། མགྲོན་ཁང་དེའི་རྒྱ་ཁྱོན་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། གསང་སྤྱོད་གཅིག་པུ་ཡང་འབིར་ལ་ཡོད་པའི་ངའི་ཁང་པ་ཡོངས་རྫོགས་ཀྱི་ཚད་གཞི་དང་མཉམ་པ་འདུག རྒྱ་ནག་ཚོས་ཆུང་ཆུང་ཡིན་ཡང་མཛེས་པོ་བཟོ་ཆོག་པ་དྲན་པ་བརྗེད་ཟིན་པ་འདྲ།
རྒྱལ་ཡུམ་ལགས་ཀྱིས་སྤྱོད་ལམ་གང་གནང་ན་ཡང་བབས་ཆགས་པོ་ཞེ་དྲགས་ཡོད། ཁོ་མོ་ལ་མངའ་བའི་བཅོས་མིན་གྱི་གདེང་ཚོད་ནི་ངོམས་སེམས་དང་སྤོབས་པས་དྲི་མས་མ་གོས་པ་ཞིག་གོ །སྐབས་རེ་རྒྱལ་ཡུམ་ལགས་ཀྱིས་རང་གི་མོ་ཊ་མངགས་ནས་ཁོ་བོ་བསུ་བར་བཏང་། ང་ནི་སྡོད་ཚུགས་མེད་པ་ཞིག་ཡིན་སྟབས། ཉིན་ཞིག་མོ་ཊའི་ནང་དུ་འགྲོ་སྐབས་མོ་ཊའི་ནང་གི་སྒྲོག་ཐག་མཐོང་བ་ན་རྒྱལ་ཡུམ་གྱི་གཞས་གང་ཉན་གྱི་ཡོད་དམ་སྙམ་ནས་བརྟག་ཕྱིར་དུ་གཏོང (Play) ཞེས་པར་གནན་པ་ཡིན། དེ་ནི་ཝོ་རག་གི་ (Dvorak) སི་ལོ (cello) སྟེ་མཉམ་སྡེབ་གླུ་དབྱངས་ཤིག་རེད་འདུག ཁོ་མོ་དུས་དེ་སྐབས་གློག་བརྙན་སྐོར་ལ་མཁྱེན་རྒྱ་ཡངས་པའི་སྐྱེ་བོ་ཉུང་ཤས་ལས་གཅིག་རེད་འདུག་ལ། གློག་བརྙན་འཁྲབ་ཁྲིད་པ་ཀུ་རོ་ས་ཝ་ (Kurosawa) ལྟ་བུས་འཁྲབ་ཁྲིད་བྱས་པའི་གློག་བརྙན་དུ་མ་བསྡུས་པའི་གློག་བརྙན་ཕྱོགས་བསྒྲིགས་ཤིག་ཀྱང་འདུག།
རྒྱལ་ཡུམ་ཁོང་དང་ལྷན་དུ་འདྲིས་ཏེ་ང་ལ་བློ་བསྐྱེད་དུ་མ་རྙེད། ལྷག་པར་དུ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལ་ཡོད་པའི་ཁོ་མོའི་བཅོས་མིན་གྱི་གུས་ཞབས་དང་རྩེ་གཅིག་པའི་དད་པས་གུས་པའི་བློ་སྒོ་ཡངས་པར་ཕྱེས། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཁོང་ཐུབ་བསྟན་ཆོས་གླིང་དུ་ཡུན་རིང་བཞུགས། རྗེ་བླ་མ་ཁོང་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚར་རྗེས་སུའང་རྒྱལ་ཡུམ་ལགས་ཀྱིས་ཁོང་གི་བཞུགས་ཁྲིར་ཡང་ཡང་ཕྱག་འཚལ་ཞིང་གུ་རུ་རིན་པོ་ཆེ་ལ་གསོལ་བ་ཕུར་ཚུགས་སུ་བཏབ། སྐབས་འགར་ངས་ལྐོག་ཉན་བྱེད་སྐབས་ཁོ་མོས་རང་གི་ལྷག་པའི་ལྷའམ་གུ་རུ་རིན་པོ་ཆེ་དང་ལྷན་དུ་བཀའ་མོལ་གྱི་ཚུལ་དུ་རིན་པོ་ཆེ་དང་གླེང་མོལ་བྱས་པ་ཐོས། དེ་ནས་བཟུང་ངས་ཀྱང་ཁོ་མོའི་ལད་ཟློས་བྱེད་ཀྱི་ཡོད་ལ། རང་གི་སློབ་མ་ཚོ་ལའང་དེ་ལྟར་བྱ་རྒྱུར་བསྐུལ་མ་བྱེད། སྤྱིར་ཚིགས་ལྷུག་དང་ཚིགས་བཅད་ཀྱི་ངོ་བོར་བརྩམས་པའི་ཕྱག་མཆོད་ཀྱི་རིམ་པ་རྣམས་ཧ་ཅང་ལེགས་མོད། འོན་ཀྱང་གླེང་མོལ་གྱི་ཚུལ་དུ་ཁོང་རྣམས་ལ་གསོལ་བ་འདེབས་པ་ནི་རང་སེམས་དང་ཉེ་ཆེ་བ་ཡོད་ལ། དེ་ནི་སྙན་ངག་གིས་བརྒྱན་པའི་ཁ་བཏོན་འདོན་པ་ལས་ཕན་ཆེ། གལ་ཏེ་ཁྱེད་ཀྱིས་ཁ་བཏོན་ལྟ་བུ་གང་ཞིག་བློ་འཛིན་བྱས་ནས་འདོན་གྱི་ཡོད་ན། མཐར་རང་གིས་ཁ་ནས་འདོན་པ་ཙམ་ལས་ཚིག་དོན་རྗེས་དྲན་བྱེད་དཀའ།
ང་དང་ངའི་མཆེད་གྲོགས་རྣམས་ཀྱིས་རྒྱལ་ཡུམ་ལ་མུ་མཐུད་ནས་ལྷད་མེད་ཀྱི་གུས་ཞབས་ཞུ་བཞིན་ཡོད། དེའི་རྒྱུ་མཚན་ཡང་ཁོ་མོ་རྒྱལ་ཡུམ་ཡིན་པའི་རྒྱུ་མཚན་ཙམ་མ་ཡིན་པར་དོན་དངོས་ཐོག་ཆོས་ཀྱི་ཆེད་དང་། འབྲུག་རྒྱལ་ཁབ། དེ་བཞིན་དཔེར་འོས་པའི་སྐྱེས་བུ་ཞིག་མཚོན་བྱེད་དུ་རླབས་ཆེན་གྱི་བྱ་བ་ཇི་ལྟར་མཛད་ཚུལ་ལ་གཞིགས་ནས་ཡིན། སྒྲུབ་ཆེན་གྲུབ་རྗེས་སླར་ཡང་ཕྱི་ཟླ་བརྒྱད་པའི་ནང་རྒྱལ་ཡུམ་དང་ཐུག་འཕྲད་བྱ་རྒྱུའི་གོ་སྐབས་བྱུང་། རྒྱལ་ཡུམ་ལགས་རང་གི་མདུན་ན་ཉེ་བར་གནས་པ་འདིས་སྔར་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་ཐུགས་བརྩེའི་དྲོད་ཀྱི་སྐྱབས་འོག་ཏུ་གནས་པའི་སྐལ་བཟང་གི་དུས་སྐབས་རྣམས་ཡིད་ལ་ལྷང་ལྷང་འཁོར་བར་བྱས་པས། དེ་དག་ལ་གཞིགས་ན་དྲན་ཤེས་འདི་དགོས་མཁོ་ཆེ་བའི་སྐབས་ཀྱང་སྲིད་སྙམ།
འདི་ཕལ་ཆེར་འགྱུར་ཡིག་ཅིག་ཡིན་པ་འདྲ། ནང་དོན་དཔེ་མི་སྲིད་པའི་ཡག་པོ་བྱུང་འདུགཡིན་ནའང་། གཡང་རྩེ་སྒང་གི་ཡས་བསྒྲོན་ཟེར་བ་བཞིན་འགྱུར་འདི་མུ་མཐུད་རྒྱུ་སྤུས་ལེགས་སུ་གཏོང་ཆེད་གུས་པས་བསམ་ན། གཅིག་ནས་ད་དུང་བོད་རང་གི་སྐད་ཆའི་ཉམས་འདོན་སྟངས་ལ་བརྩོན་དགོས་པ་དང་། བརྡ་སྤྲོད་ལ་སོགས་ལའང་དོ་སྣང་དགོས་ཀི