བདག་སི་ཀིམ་དུ་སློབ་སྦྱོང་གི་ཆེད་དུ་མ་བཏང་གོང་རང་གི་མེས་པོ་དང་ཨ་མའི་མཉམ་དུ་འབྲུག་གི་གྲོང་གསེབ་ཅིག་ཏུ་བསྡད་ཀྱི་ཡོད། ངའི་ཨ་ཕ་ཕལ་ཆེར་ཁྱིམ་གྱི་ཕྱི་རོལ་ཏེ་རྡོ་རྗེ་གླིང་གི་ས་ཁུལ་ཀུར་སེང་དུ་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་ཞིག་ཏུ་རླུང་འཕྲིན་སྒྲོག་སྦྱང་པའི་ལས་ཀ་བྱས་ཏེ་གནས། ང་ཚོའི་གྲོང་པའི་ཉེ་འཁོར་དུ་ཡོད་པའི་རླུང་འཕྲིན་གཅིག་པུ་དེ་ནི་ངའི་མེས་པོ་ལ་ཡོད་པ་དེ་རེད། དེས་ན་ང་ཚོ་ལ་རྣམ་གཡེང་གི་ཡུལ་ཞེ་དྲགས་ཉུང་ཉུང་རེད། དགོང་མོ་མེས་པོ་དང་མེས་མོས་སྒྲུང་བཤད་ཀྱི་ཡོད་ལ། ང་ཚོས་འཛམ་གླིང་གི་གནས་སྟངས་ཤེས་འགོ་ཡང་དེ་ནས་བཙུགས།
རྨོ་མོ་ལགས་སྔོན་གྱི་བླ་མ་དམ་པ་རྣམས་ཀྱི་རྣམ་ཐར་དང་སྒྲུང་བཤད་རྒྱུར་ཧ་ཅང་སྤྲོ། སྒྲུང་གཏམ་དེ་ཚོ་ལོ་རྒྱུས་ཀྱི་ཤེས་ཡོན་ཙམ་མིན་པར། ཁོ་མོས་སྐྱེས་ཆེན་དམ་པ་དེ་དག་སྐུ་ཚེ་ཧྲིལ་པོར་ཇི་ལྟར་བཞུགས་ཡོད་མེད་དེ། གནས་ཁང་ཅི་འདྲ་བར་བཞུགས་ཡོད་མེད་དང་། བཞེས་ལག་གང་མཆོད་ཀྱི་ཡོད་མེད། དེ་བཞིན་ཞབས་ཞུ་བ་ག་ཚོད་ཡོད་མེད་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་རྣམས་ཀྱང་འགྲེལ་བརྗོད་བྱས། བོད་དུ་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ལྷན་ཁང་ནི་ཆོས་ཀྱི་ལྟེ་གནས་ཙམ་མིན་པར། ལོ་རྒྱུས་ཐོག་ཏུ་བོད་ཀྱི་བླ་མ་རྣམས་ཀྱིས་ཆོས་དང་ཆབ་སྲིད་གཉིས་ཀའི་ཐད་ལས་འགུལ་དུ་མ་སྤེལ་བ་ལས་བྱུང་བའི་འབད་མེད་ལྷུན་གྲུབ་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལྷན་ཁང་ཆེན་པོ་ཞིག་ཏུ་གྱུར་ཡོད། ངས་ལྷན་ཁང་ནང་གི་དར་གོས་ཀྱི་རུམ་གདན་སྤུས་ལེགས་དང་། གཡང་ཊིའི་སྐོར་གྱི་སྒྲུང་ཐོས་པ་ད་དུང་དྲན། སྤྱིར་ན་སྐྱེས་བུ་ཕལ་པ་རྣམས་རང་ཉིད་འཇིག་རྟེན་གྱི་སྐྱིད་སྣང་དོད་པའི་དངོས་པོ་དག་དང་ཕན་ཚུན་འབྲེལ་ཐུབ་པར་དཀའ་ཚེགས་ཆེར་མེད། དེའི་རྒྱུ་མཚན་ཡང་། འཇིག་རྟེན་གྱི་དངོས་པོ་འདི་དག་ཡིད་ལ་འཆར་བདེ་བ་དང་དེ་དག་ལ་བག་ཆགས་ཤུགས་ཆེན་པོ་ཡོད་པས་རེད། འོན་ཀྱང་ངའི་རྨོ་མོས་བདག་ལ་བཤད་པའི་སྒྲུང་གཏམ་རྣམས་མཐའ་གཅིག་ཏུ་གནས་ལུགས་དང་མཐུན་པ་ཡིན་པར་བཤད་དཀའ། གང་ཡིན་ཟེར་ན། ཁོ་མོས་གང་བཤད་པ་རྣམས་གང་ཟག་ཕུང་གསུམ་པའམ་བཞི་པ་མན་ཆད་ལས་ཐོས་པ་ཤ་སྟག་ཡིན་པ་ཁོ་མོས་འགྲེལ་བརྗོད་གནང་སོང་།
ངའི་མེས་པོ་བླ་མ་བསོད་ནམས་བཟང་པོ་ཡང་སྒྲུང་བཤད་རྒྱུར་མཉེས་པོ་ཡོད། ཁོང་ལོ་ན་གཞོན་པའི་སྐབས་ལྷ་སའི་ཇོ་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་གྱི་མདུན་དུ་མཎྜལ་འབུམ་ཚར་ཕུལ་ཡོད་སྐོར་གསུངས་བྱུང་། ཇོ་བོའི་དོན་ནི་རང་ལས་རྒན་པའམ་གོ་གནས་མཐོ་བ་ལ་གོ། གནའ་རབས་ཀྱི་བོད་པ་ཚོས་སངས་རྒྱས་ཤཱཀྱ་ཐུབ་པ་ལའང་རང་དང་སེམས་ཐག་ཉེ་བའི་ཕྱིར་མིའི་མིང་བཏགས་ནས་འབོད་པ་ནི་ཧ་ཅང་འཐད་པོ་དང་ཡིད་འགུལ་ཐེབས་པོ་ཞིག་ཏུ་སྣང་། སྟོན་པའི་སྐུ་བརྙན་འདི་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ནག་གི་ཐང་རྒྱལ་རབས་ཀྱི་སྲས་མོ་ཝུན་ཤིང་བཙུན་མོར་བཞེས་སྐབས་བག་རྫོངས་ཀྱི་དོད་དུ་བླངས་པ་ཞིག་རེད། བོད་པ་ཚོས་སྐུ་བརྙན་འདི་སངས་རྒྱས་ཤཱཀྱ་ཐུབ་པའི་སྣང་བརྙན་ཙམ་མིན་པར། གདོས་བཅས་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ་གཟུགས་རྗེན་པ་ཡིན་པར་ཡིད་ཆེས་བྱེད། དེང་སང་ཡང་བོད་ཀྱི་ས་ཁུལ་གང་ས་ནས་སྐྱེས་བུ་རྣམས་ལེ་དབར་མང་པོར་ཕྱག་འཚལ་ནས་སྐུ་བརྙན་འདི་མཇལ་སར་ཡོང་གི་ཡོད་ལ། ངའི་མེས་པོ་ལགས་ཀྱང་ཁོང་རྣམས་ལས་ཐ་དད་པ་ཞིག་མིན།
བདག་གི་མེས་པོ་ལགས་མཎྜལ་འབུལ་བཞིན་པའི་སྐབས་ཤིག་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་རང་གི་རྩེ་དྲུང་དང་ལྷན་དུ་ཇོ་བོ་མཇལ་སར་ཕེབས། མེས་པོ་ལ་དེ་སྐབས་ཀྱི་དྲན་པ་ཧ་ཅང་གསལ་པོ་མངའ་ཞིང་། ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་ཇི་ལྟར་མཇལ་བའི་གནས་ཚུལ་རྣམས་འགྲེལ་བརྗོད་གནང་སྐབས། རིན་པོ་ཆེ་ཁོང་གི་རྩེ་དྲུང་གི་ཁ་སྤུ་དང་སྨ་རའི་སྐོར། བརྗིད་ཆགས་པའི་གོས། དེ་བཞིན་གུས་ཤིང་བཀུར་འོས་པའི་བརྗིད་ཉམས་ཀྱི་སྐོར་ཕྲ་ཞིང་ཞིབ་པར་གསུངས། རིན་པོ་ཆེ་ཁོང་ཤེས་ཡོན་དང་ཉམས་ལེན་གྱི་ཐོག་ནས་འདེམས་སྒྲུག་བྱས་པ་མ་ཡིན་པར་གཟུགས་སྟོབས་ལ་བརྟེན་ནས་བདམ་པའི་ལྡོབ་ལྡོབ་ (གཟིམ་འགག) ཀྱིས་བསྐོར་བའི་དབུས་ན་བཞུགས་ཤིང་། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ངོས་འཛིན་གནང་མཁན་གྱི་བླ་མ་སྲིད་སྐྱོང་རྭ་སྒྲེང་ཐུབ་བསྟན་འཇམ་དབྱངས་ཡེ་ཤེས་རྒྱལ་མཚན་ཡང་མཇལ་ཡོད་སྐོར་གསུངས། ཕྱིས་སུ་རྭ་སྒྲེང་རིན་པོ་ཆེ་ཁོང་ལ་དཀའ་ངལ་དུ་མ་ཕྲད་ཀྱང་། དེ་དུས་ཁོང་ནི་ཡིད་དུ་འོང་བའི་ཕྲུ་གུ་ཞིག་ཡིན་སྐོར་གསུངས།
ཕྲུ་གུ་གཞན་རྣམས་བཅོས་སྒྲུང་གཞན་དང་གཞན་ཐོས་ནས་འཚར་ལོངས་བྱུང་ཡང་། ཁོ་བོ་ནི་དངོས་སྒྲུང་དེ་ཚོ་ཉན་ནས་ནར་སོན་པ་ཞིག་ཡིན་པས། དངོས་སྒྲུང་དེ་དག་གི་ཤུགས་རྐྱེན་ད་དུང་ཡང་ཚོར་ཐུབ། སྒྲུང་གཏམ་དེ་ཚོ་བསྐྱར་དྲན་བྱེད་པའི་ཚེ་ད་གཟོད་དེ་དག་ལས་བསླབ་བྱ་དང་སློབ་སྦྱོང་ལེན་རྒྱུ་ཡོད་པར་ཤེས། བདག་གི་མེས་པོ་ནི་སྟབས་བདེའི་མི་ཚེ་སྐྱེལ་ཐབས་གཞན་ལ་སློབ་ཅིང་། རང་གིས་ཀྱང་དོན་དང་མཐུན་པར་གནང་བའི་རྗེ་བཙུན་མི་ལ་རས་པའི་བརྒྱུད་པ་འཛིན་པའི་དཀའ་སྤྱད་པ་ཞིག་ཡིན་ཀྱང་། ནམ་ཡང་གཞན་ལ་རིགས་རུས་ཀྱི་ཆེ་ཉམས་དང་ཉམས་ལེན་གྱི་རྒྱགས་ཉམས་བསྟན་ཏེ་ཆེ་མདོག་བྱེད་ཀྱི་མེད། མེས་པོ་དང་མེས་མོས་སྟབས་བདེའི་འཚོ་བ་དང་། རྒྱས་སྤྲོས་ཀྱི་འཚོ་བ་སྐྱེལ་སྟངས་གཉིས་ཀ་ལ་བརྩི་འཇོག་མཐུན་པར་བྱས། ཁོང་རྣམས་ཀྱིས་རི་ཁྲོད་པ་ལ་ཇི་ལྟར་གུས་འདུད་ཞུས་པ་བཞིན་ནམ་དེ་ལས་ལྷག་པའི་གུས་ཞབས་དང་བཅས་ཞབས་ཞུ་བ་མང་པོས་སྐོར་བའི་སྤྲོས་པ་ལ་དགའ་བའི་བླ་མ་རྣམས་ཀྱི་ཡོན་ཏན་བརྗོད་པར་བྱས་ལ། དེ་བཞིན་སྤྱི་ཚོགས་ཀྱི་ལམ་ལུགས་དང་མི་མཐུན་ཞིང་གཤིས་སྤྱོད་རྒོད་པོར་སྣང་བའི་རྣལ་འབྱོར་པ་རྣམས་ལ་ཇི་ལྟར་བརྩི་བཀུར་ཞུས་པ་བཞིན། ཞི་དུལ་བག་ཡོད་ཀྱིས་བརྒྱན་ཅིང་གཙང་ལ་དག་པའི་དམ་ཆོས་འདུལ་བ་འཛིན་པ་རྣམས་ལའང་རབ་ཏུ་བྱུང་བའི་ཡ་རབས་བཟང་སྤྱོད་དང་། ཚངས་པར་སྤྱོད་པའི་ཡོན་ཏན་རྣམས་གསལ་ཁ་གཏོད་དེ་མངོན་པར་བསྟོད་པར་བྱས། ང་ཚོ་ཚང་མར་གནས་བརྟན་འོད་སྲུང་ཆེན་པོ་དང་། ཤ་རིའི་བུ། ཏི་ལོ་པ། དེ་བཞིན་ན་རོ་པ་རྣམས་དཔའ་བོ་ཉིད་དུ་འཛིན་དགོས་པར་བསླབས་སོང་ལ། དེ་དང་ཆབས་གཅིག་ཏུ་སྨྱོན་པའི་བརྟུལ་ཞུགས་འཆང་བའི་འབྲུག་པ་ཀུན་ལེགས་ཏེ། རང་ཉིད་ཨ་ནེའི་དགོན་པར་གནས་པའི་ཆེད་དུ་རང་གི་མཚན་མ་བསྡམས་ནས་ཨ་ནེ་ཡིན་མདོག་བྱེད་མཁན་གྱི་བླ་མ་ཁོང་གི་རྣམ་ཐར་རྣམས་ཀྱང་དགོད་བྲོ་ཞིང་གུས་བཀུར་ཆེན་པོ་དང་བཅས་ཏེ་བཤད།
རང་ཉིད་ཕྲུ་གུ་ཞིག་ཡིན་པའི་ཆ་ནས་ཡིད་ཧ་ཅང་འཕྲོག་པའི་དངོས་སྒྲུང་ཞིག་ནི། ༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེའི་དབུ་ཞྭ་ནམ་མཁར་འཕུར་བའི་སྒྲུང་དེ་རེད། ངའི་ཉེ་འཁོར་དུ་གནས་པའི་སྐྱེས་བུ་ཁ་ཅིག་ལས་མེད་ཀྱང་། ཁོང་རྣམས་ཀྱིས་དུས་ཆེན་གྱི་སྐབས་༧རྒྱལ་དབང་ཀརྨ་པ་ཆེན་པོས་རང་གི་དབུ་ཞྭ་མནབས་ནས་ཕྱག་གིས་བཟུང་བ་ལ་དགོས་པ་དམིགས་བསལ་ཞིག་ཡོད་པ་ངོ་སྤྲོད་གནང་བྱུང་། ཁོང་གིས་དབུ་ཞྭ་ཕྱག་གིས་མ་བཟུང་ན་འཕུར་ནས་འགྲོ་བར་བཤད། དེ་ནི་ཁོང་གི་སྐུ་པར་མང་པོོའི་ནང་དུ་བཞུགས་ཁྲིའི་སྟེང་ན་ཕྱག་གཡས་པས་དབུ་ཞྭ་ནག་པོ་དེ་བཟུང་ནས་བཞུགས་པ་མཐོང་བ་བཞིན་རེད། བཤད་སྲོལ་ཞིག་ལ་དབུ་ཞྭ་དེ་ནི་མཁའ་འགྲོ་མ་སྟོང་གི་དབུ་སྐྲ་ལས་བྱས་པར་གྲགས་ལ། མཁའ་འགྲོ་མ་རྣམས་ནམ་མཁར་འཕུར་བའི་བུད་མེད་ཅིག་ཡིན་སྟབས། དབུ་ཞྭའང་འཕུར་སྲིད།
ངོས་རང་སྤྲུལ་སྐུར་ངོས་འཛིན་བྱས་པའི་རྗེས་སུ་༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་ཆེན་པོ་མཆོག་ཞལ་དངོས་སུ་མཇལ་བའི་སྐལ་བཟང་གི་གོ་སྐབས་རྙེད། དེ་སྐབས་ཁོ་བོ་ཕལ་ཆེར་ལོ་དྲུག་གམ་བདུན་ཡིན། ཁོ་བོ་གསོ་སྐྱོང་བྱ་སའི་གནས་ཏེ། སྒང་ཏོག་ཏུ་ཡོད་པའི་སི་ཀིམ་གྱི་རྒྱལ་ཁང་གི་དགོན་པ་དེ་ཉིད་རུམ་བཏེག་དང་ས་ཐག་ཉེ་སར་ཆགས་ཡོད་པས། (ཕྱི་ལོ་ ༡༩༦༠ ནང་གི་ལོ་སྨད་བར་སི་ཀིམ་ནི་རང་དབང་ཅན་གྱི་རྒྱལ་ཕྲན་ཤིག་རེད།) ༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ཐེངས་དང་པོ་མཇལ་ཁ་བཅར་བའི་གོ་སྐབས་བྱུང་བ་ན། ངའི་དགེ་རྒན་བླ་མ་མཆོག་ལྡན་དང་། ཞབས་ཞུ་བ་བཀྲ་ཤིས་རྣམ་རྒྱལ་གཉིས་ཀྱིས་ཉིན་མང་པོའི་རིང་སྐྱབས་མགོན་རིན་པོ་ཆེ་ལ་ཕྱག་ཇི་ལྟར་འཚལ་དགོས་མིན་དང་། ཁ་བཏགས་གང་འདྲ་བྱས་ནས་ཕུལ་དགོས་མིན་སྐོར་བསླབས་བྱུང་།
མོ་ཊའི་ནང་དུ་ཞུགས་ཏེ་སྒང་ཏོག་ནས་རུམ་བཏེག་ལ་འགྲོ་བའི་སྐབས་ངའི་སེམས་ནང་བག་ཚ་བའི་ཚོར་བ་རྣོན་པོ་ཞིག་བྱུང་། དངོས་སུ་མཇལ་ཁ་བཅར་བའི་སྐབས་སུས་ཀྱང་མ་བསྐུལ་ཡང་རང་བཞིན་ལྷན་སྐྱེས་ཀྱིས་ངས་རང་གི་གཟན་ཤམ་རྣམས་ལ་བལྟས་ནས་ཚུལ་བཞིན་དུ་གྱོན་ཡོད་མེད་བརྟགས། ༧རྒྱལ་དབང་ཀརྨ་པ་ནི་དྲི་མས་མ་གོས་པའི་བྱིན་རླབས་ཀྱི་རང་གཟུགས་ཤིག་རེད། ཁོང་གི་བརྗིད་ཉམས་ཀྱི་འོད་གདངས་ནི་བླ་མ་ཁོང་གི་ཉེ་འཁོར་ཙམ་མིན་པར། ང་ཚོ་མོ་ཊའི་ནང་དུ་ཞུགས་ནས་ཁྱིམ་དུ་ལོག་སྐབས་ལམ་ཕྱེད་ཙམ་དུ་སླེབས་ཚར་ནའང་ཚོར་ཐུབ། ཕྱིས་སུ་ཁོང་གི་གཟི་བརྗིད་ལྡན་པའི་ཉམས་འགྱུར་འདི་ལ་ཁྱད་ཆོས་གཞན་ཞིག་ཀྱང་ཡོད་པར་ཤེས་རྟོགས་བྱུང་།
ཐེངས་དང་པོར་ངས་༧སྐྱབས་མགོན་རྒྱལ་དབང་ཀརྨ་པ་ཆེན་པོ་མཆོག་མཇལ་དུས། སྐུ་སྒེར་གྱི་བརྗིད་ཉམས་མ་ཟད། ཉེ་འཁོར་གྱི་དངོས་པོ་རྣམས་ཀྱིས་ཀྱང་བདག་གི་སེམས་ཁམས་ཡོངས་རྫོགས་དབང་དུ་བསྡུས་བྱུང་། གནད་ཡོད་དང་གནད་ཡོད་མིན་པའི་མཇལ་བཅར་བ་གྲངས་ལས་འདས་པ་ཚང་མ་ལ་དམིགས་བསལ་གྱི་དོ་སྣང་དང་། ཞིབ་ཚགས་ཀྱི་ལྟ་རྟོག་ནན་པོ་གནང་སྟངས་མཇལ་ནས་ལོ་ན་ཆུང་དུས་དེ་སྐབས་ཀྱང་ཡིད་འཕྲོག་པའི་ཚོར་བ་དྲག་པོ་ཞིག་བྱུང་།
མཇལ་ཁ་དང་པོའི་རྗེས་སུ་ང་ཚོ་ཁོང་གི་མདུན་དུ་ཡང་ཡང་བཅར་རྒྱུའི་གོ་སྐབས་རྙེད། སྐབས་འགར་མི་ཚོགས་མང་པོ་དང་མཉམ་དུ་མཇལ་ཁ་བཅར་ལ། རེ་འགར་ཁོ་བོ་གཅིག་པུ་ལས་མེད། ང་ཚོ་ཁོང་གི་གཟིམ་ཆུང་ནང་དུ་ཚོན་རྩིས་སྤུས་ལེགས་ཀྱིས་བརྒྱན་པའི་གཟིམ་ཁྲི་དང་བཞུགས་ཁྲི་འདྲེས་མ་ལྟ་བུའི་བཞུགས་ཁྲི་ནར་མོ་ཞིག་གི་སྟེང་དུ་བཞུགས་པ་དེར་མཇལ་ཁ་གནང་། བཞུགས་ཁྲིའི་མདུན་དུ་ཅོག་ཙེ་ཞིག་ཡོད་ལ། དེའི་ཕྱོགས་གཅིག་ཏུ་བོད་ཀྱི་ལུགས་སྲོལ་དང་མཐུན་པར་གྲལ་གདན་བཤམས་ནས་གདའ། དབུས་སུ་རུམ་གདན་ཆེན་པོ་ཞིག་ཡོད་པ་ནི། ངས་མཐོང་མྱོང་བའི་རུམ་གདན་རྣམས་ལས་ཆེས་ཆེ་ཤོས་དེ་ཡིན། གང་ལྟར་རུམ་བཏེག་ཏུ་ཁོང་གི་བཀོད་སྒྲིག་གནང་བའི་འཆར་སྣང་ཡོངས་རྫོགས་ཤིན་ཏུ་ལྟ་ན་སྡུག་པ་ཞིག་ཡོད། ཁོང་གི་གཟིམ་ཁང་དུ་རྩ་ཆེའི་ཅ་དངོས་མང་པོ་འདུག བླ་མ་མཆོག་ལྡན་དང་། བཀྲ་ཤིས་རྣམ་རྒྱལ་གཉིས་ཀྱིས་རིན་པོ་ཆེ་མཇལ་ཁ་བཅར་སར་འགྲོ་བ་ན་རྟག་པར་རིན་པོ་ཆེ་ཐེངས་དང་པོ་མཇལ་ཁ་བཅར་བ་བཞིན་དུ་གནད་འགག་ཆེན་པོ་ཞེ་དྲགས་བཟོས་ཀྱི་རེད། རིན་པོ་ཆེའི་སྐུ་མདུན་དུ་ལན་གཅིག་བཅར་ན་ཡང་ཡང་བཅར་འདོད་སྐྱེ། དེའི་རྒྱུ་མཚན་གཅིག་ནི་ཁོང་གི་བླ་བྲང་དུ་བཞེས་ལག་ཧ་ཅང་རྒྱས་པོ་གནང་གི་ཡོད་པས་རེད། ང་ཚོ་མཁྱེན་བརྩེ་བླ་བྲང་ནི་དེ་ཙམ་ཕྱུག་པོ་མིན་པས་དེ་འདྲའི་རྒྱས་སྤྲོས་ཀྱི་ཁ་ལག་མཐོང་རྒྱུ་ཁག་པོ་རེད། འོན་ཀྱང་ངའི་སེམས་གཏིང་དུ་ཡོད་པའི་རེ་བ་ནི། དབུ་ཞྭ་དང་མཉམ་དུ་མཇལ་ཁ་ཞིག་ཐོབ་བའི་གོ་སྐབས་བྱུང་ན་སྙམ་པ་དེ་རེད། བདག་ལ་མཚོན་ན་དེ་ནི་ཧ་ཅང་སྤྲོ་སྣང་དོད་པ་ཞིག་ཡིན།
དབུ་ཞྭ་མཇལ་ཁའི་མཛད་སྒོ་དེ་སྤོས་ཀྱི་དྲི་བསུང་གིས་ཁྱབ་པའི་དགོན་པའི་ཚོགས་ཁང་ཞིག་ཏུ་ཚོགས་སོང་། རིན་པོ་ཆེ་ཁོང་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་ཤ་རློན་པ་ཡིན་པར་ཡིད་ཆེས་བྱས་པས། སྐུ་ཉིད་ཚོགས་ཁང་དུ་མ་ཕེབས་བར་དུ་ང་ཚོས་འཕགས་པ་སྤྱན་རས་གཟིགས་ཀྱི་བསྟོད་པ་བཏོན་ནས་བསྡད། ཐོག་མར་ཁོང་གི་སྐུ་མདུན་དུ་ཞི་བདེའི་འོད་སྣང་འཚེར་ཞིང་ཤིན་ཏུ་བརྗིད་ཆགས་པའི་ཞབས་ཞུ་བ་དང་། འཇམ་མགོན་ཀོང་སྤྲུལ་སྐུ་ཕྲེང་གསུམ་པ་གཙོས་པའི་བླ་སྤྲུལ་ཆེ་ཁག་རྣམས་ཏེ་བླ་སྤྲུལ་དུ་མ་གསེར་ཕྲེང་བསྒྲིགས་ནས་ཕེབས། དེའི་རྗེས་སུ་རྒྱ་གླིང་པ་ཚོས་༧སྐྱབས་མགོན་རིན་པོ་ཆེ་གདན་ཞུ་གནང་ཞིང་། ཁོང་གིས་འོད་གདངས་ལྡན་པའི་གསེར་སྐུད་ལས་བྱས་པའི་ཀརྨ་བཀའ་བརྒྱུད་ཀྱི་དྭགས་ཞུ་དེ་མནབས་འདུག ད་དུང་ཞབས་ཞུ་བ་གཞན་ཞིག་དར་གོས་ཀྱིས་བཏུམ་པའི་དབུ་ཞྭ་ནག་པོ་བཅུག་པའི་སྒམ་དེ་ལག་ཏུ་སྟེགས་ནས་ཁོང་གི་རྗེས་སུ་འབྲངས། ཞབས་ཞུ་བ་དེའི་དཔུང་ཐོག་ཏུ་དར་གོས་ཤིག་བཀབ་ནས་རང་གི་ཁ་རླངས་དབུ་ཞྭ་ལ་མ་འཕོག་པའི་ཕྱིར་དུ་ཁ་ནང་དུ་གཟན་གྱི་སྣེ་མོ་བཅུག་ནས་གདའ།
དབུ་ཞྭ་བླུགས་སའི་སྒམ་ཆུང་ཁ་ཕྱེ་མཁན་ནི་༧སྐྱབས་མགོན་རིན་པོ་ཆེ་ཁོ་ན་ལས་གཞན་སུས་ཀྱང་མི་ཆོག གནས་སྐབས་དེ་ནི་བདག་གིས་འདུན་པ་དྲག་པོས་སྒུགས་པའི་དུས་དེ་རེད། རང་ཉིད་ཕྲུག་གུ་ཞིག་ཡིན་པས་ངའི་སེམས་ནང་དུ་སྒམ་ཆུང་དེ་ཁ་ཕྱེས་མ་ཐག་དབུ་ཞྭ་རང་ཉིད་འཕུར་ནས་འགྲོ་བར་མཐའ་གཅིག་ཏུ་ཡིད་ཆེས་ཡོད། དབུ་ཞྭ་མཇལ་ཁའི་དུས་ཆེན་ཐེངས་ཁ་ཤས་བཅར་བ་ཡིན། རྟག་པར་༧སྐྱབས་མགོན་རིན་པོ་ཆེ་མཆོག་ནས་སྒམ་ཁ་ཕྱེས་པ་དང་། དབུ་ཞྭ་འགུལ་བསྐྱོད་བྱེད་མི་འོང་ངམ་སྙམ་ནས་གཟབ་གཟབ་བྱས་ནས་ལྟ་ཡི་ཡོད། འོན་ཀྱང་༧སྐྱབས་མགོན་རིན་པོ་ཆེ་ནས་རྟག་པར་ཤིན་ཏུ་མྱུར་ལ་བག་ཕེབས་ཀྱི་ཉམས་འགྱུར་དང་བཅས། སུས་ཀྱང་མ་ཚོར་བར་དབུ་ཞྭ་སེར་པོའི་ཚབ་ཏུ་དབུ་ཞྭ་ནག་པོ་མནབས་ཚར་ཡོད། ཁོང་གིས་དབུ་ཞྭ་བརྗེ་མོ་བརྒྱབ་ནས་དབུ་ཞ་སེར་པོའི་ཚབ་ཏུ་ནག་པོ་མནབས་ཀྱང་། དུས་ཡུན་རིང་པོ་ཞིག་ལ། རིན་པོ་ཆེས་དབུ་ཞྭ་དེ་གློད་བཀྲོལ་མ་བཏང་བ་ཙམ་ལས། བཏང་སོང་ན་འཕུར་རྒྱུ་ཉག་གཅིག་ཡིན་པར་དོགས་པ་གཏན་ནས་མ་བྱུང་།
ཕྲུ་གུ་ཞིག་ཡིན་པའི་ཆ་ནས་ཡིད་དབང་འཕྲོག་པའི་གནས་སྟངས་གཞན་ཞིག་ནི། དྲི་མས་མ་གོས་ཤིང་བརྗིད་ཉམས་དོད་ལ། བྱིན་རླབས་ཀྱི་རང་གཟུགས་སུ་གྱུར་པའི་བླ་མས་ཀྱང་མི་དཀྱུས་མ་བཞིན་དུ་གནང་སྲིད་པར་ཤེས་པ་དེ་རེད། ཁོང་གིས་ཤིན་ཏུ་མ་རུངས་པའི་ཚིག་དག་བེད་སྤྱོད་བྱས་ཀྱི་ཡོད། དེ་ཡང་རང་གི་ཞབས་ཞུ་བ་ཚོས་ནོར་འཁྲུལ་ཞིག་བྱས་ན། ཁོང་གིས་ “ཕ་རོ་ཟོ།” ལྟ་བུའི་ངན་ཚིག་ཀྱང་གསུངས་ལ། མི་གཞན་དག་འབོད་པའི་སྐབས་ཀྱང་ “ཁོ་རེ།” ཞེས་པ་ལྟ་བུའི་འབོད་སྒྲ་དཀྱུས་མ་བེད་སྤྱོད་བྱས་ཤིང་། དེར་མ་ཟད་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལའང་གུས་ཞབས་ཀྱིས་དབེན་པའི་འབོད་སྒྲ་དེས་འབོད།
དེ་ལས་ཧང་སང་དགོས་པ་ཞིག་ནི། ཁོང་གི་ཞལ་ནས་ཕྱུང་པའི་དངོས་པོ་དེ་རེད། ༧རྒྱལ་དབང་ཀརྨ་པ་དང་འབྲེལ་བའི་དྲན་པ་རྣམས་ལས་དྲན་ཤེས་ཁྱད་མཚར་ཤོས་ཤིག་ནི། དུས་དུས་སུ་ཁོང་གི་ཅོག་ཙེའི་འོག་ནས་ཤོག་བུ་ཞིག་བཏོན་ནས་རང་གི་ཞལ་ཕྱུང་པའི་མཆིལ་མ་ནག་པོ་དེའི་ནང་བླུགས་པར་མཐོང་བ་དེ་ཡིན། གསང་བ་རྣམས་ཤེས་ནས་ཁོ་བོར་ད་དུང་ཤེས་འདོད་དྲག་པོ་ཞིག་སྐྱེས་བྱུང་། ངའི་ཨ་ཕའི་ཕྱོགས་ཀྱི་ནང་མི་སྟེ་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ནང་མི་རྣམས་ཀྱིས་རྡོ་ཐའི་རིགས་ལ་ཤིན་ཏུ་འཛེམ་བག་མཛད་ཀྱང་། བླ་མ་ཁོང་གིས་ནི་མི་ཚོགས་མང་པོའི་དཀྱིལ་དུ་རྡོ་ཐ་འཆོས་པས། ངས་བླ་མ་མཆོག་ལྡན་ལ་༸རྒྱལ་དབང་ཀརྨ་པ་ཆེན་པོ་མཆོག་གི་རྡོ་ཐ་ཅིའི་ཕྱིར་འཆའ། རྡོ་ཐ་འཆའ་རྒྱུ་དེ་མི་རུང་བའི་ལས་ཤིག་མ་རེད་དམ་ཞེས་དྲིས་པར། ཁོང་གིས་སོ་སྐྱེས་ང་ཚོས་བླ་མ་ཁོང་རྣམས་འཛམ་གླིང་འདིར་གོམ་སྟབས་མཛད་དེ་ཕེབས་པ་ཙམ་ལ་ཡང་བསྐལ་པ་ནས་བསྐལ་པའི་བར་དུ་བརྟག་དཔྱད་ནན་པོ་བྱས་ཀྱང་རྗེས་སུ་དཔག་མི་ནུས་པས། དེས་ན་རྒྱུ་མཚན་ཡན་གར་བ་ལ་བརྟེན་པའི་མཇུག་སྡོམ་གྱི་རྣམ་རྟོག་མ་སྤྲོས་ཤིག་ཅེས་བཤད།
ཁོ་བོ་ལའང་རྣམ་རྟོག་གི་སྤྲོས་པ་དེ་བཅད་པ་ལ་ངལ་བ་གང་ཡང་མ་བྱུང་། དེ་ནི་དད་པས་རྒྱུ་མཚན་གྱི་ཡིན་ནམ་རྒྱུ་རྐྱེན་གཞན་གྱིས་ཡིན་ཤེས་མ་སོང་། འོན་ཀྱང་ཐེ་ཚོམ་སྐད་ཅིག་ཀྱང་མེད་པར་༧སྐྱབས་མགོན་རིན་པོ་ཆེ་ཁོང་གིས་བདག་ལ་སྐྱོབ་པའི་ཚོར་བ་ཞིག་རྟག་ཏུ་མ་ཡལ་བར་གནས་ཡོད། ཁོང་ནི་བླ་མ་རྩ་ཆེན་ཞིག་ཡིན་པ་མ་ཟད། རྒྱལ་པོ་ནུས་མཐུ་ཅན་ཞིག་ཀྱང་ཡིན།
ཐེངས་ཤིག་བལ་ཡུལ་དུ་གུས་པ་བཀའ་རྙིང་བཤད་སྒྲུབ་གླིང་དགོན་པར་ཕྱིན་པ་ན། ང་ཁོང་དང་མཉམ་དུ་ཁོང་གི་གཟིམ་ཆུང་དུ་བསྡད་ཡོད། དེ་མ་ཐག་ཁོང་གིས་ང་ལ་ཡུན་རིང་པོར་གཟིགས་ནས་ཤིང་ལས་བཟོས་པའི་ཤྭ་བ་ཞིག་ཕྱག་གིས་བླངས་ནས་ང་ལ་གནང་སྟེ། ཁོང་གིས་ “ཁྱེད་རང་ཤྭ་བ་འདི་ནང་བཞིན་བྱམས་སྙིང་རྗེ་ཅན་ཞིག་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།” ཅེས་གསུངས། དེ་ནས་སླར་ཡང་ཤེལ་ལས་བྱས་པའི་སེངྒེ་ཞིག་ཁོ་བོར་གནང་ནས་ “ཁྱེད་རང་སེངྒེ་འདི་བཞིན་དུ་བག་ཚ་ཡ་ང་མེད་པའི་རེ་བ་བྱེད་ཀྱི་ཡོད།” ཅེས་གསུངས། སེངྒེ་དེ་ད་དུང་ངའི་སར་ཡོད་མོད། འོན་ཀྱང་ཤྭ་བ་དེ་བོར་བརླག་ཕྱིན་སོང་། ཕལ་ཆེར་ངའི་སྙིང་རྗེ་ཡང་བརླགས་ཡོད་པ་འདྲ།
འོན་ཀྱང་གཤམ་གྱི་བྱིའུའི་སྒྲུང་དེ་ལ་བརྟེན་ནས་རང་སེམས་ལྷོད་ལ་བབས་པའི་ཐབས་ཤེས་བྱེད་ཀྱི་ཡིན།
༧རྒྱལ་དབང་ཀརྨ་པ་མཆོག་གིས་ས་གནས་གཞན་ནས་ནང་འདྲེན་བྱེད་པའི་ཐུན་མོང་མ་ཡིན་པའི་བྱིའུ་མང་པོ་ཉར་ཚགས་གནང་གི་ཡོད། ཐེངས་ཤིག་ཁོ་བོ་བལ་ཡུལ་དུ་རིན་པོ་ཆེ་མཇལ་སར་འགྲོ་སྐབས་བྱིའུ་ཞིག་བྱ་ར་ལས་ཕྱིར་ཐོན་ནས་གནམ་ལ་འཕུར་བཞིན་འདུག རིན་གོང་ཆེ་བའི་བྱིའུ་ཆུང་སྔོན་པོ་དེ་འབྱོར་ལྡན་གྱི་སྦྱིན་བདག་ཅིག་གིས་ཁོང་ལ་ཕུལ་འདུག བྱིའུ་དེ་ལ་གཞན་དང་མི་འདྲ་བར་ལྟ་རྟོག་ནན་པོ་བྱེད་དགོས་འཁེལ་ཡོད། དེ་ཡང་བྱིའུ་དེ་ཚ་གློག་ཡོད་པའི་ཁང་པའི་ནང་དུ་བཞག་དགོས་པ་མ་ཟད། བྱ་རའང་དམིགས་བསལ་བ་ཞིག་དགོས་པ་ལ་སོགས་པའི་ལྟ་རྟོག་ཞིབ་ཚགས་དགོས། གྲྭ་པ་ཚོ་དང་སྤྲུལ་སྐུ་རྣམས་སྨྱོན་པ་བཞིན་དུ་བྱིའུ་དེ་རྗེས་དེད་བྱེད་བཞིན་པ་ན། གུས་པ་༧རྒྱལ་དབང་ཀརྨ་པའི་ཉེ་འགྲམ་དུ་ཁོང་ཚོ་ལ་ལྟད་མོ་བལྟས་ནས་བསྡད་ཡོད་པས། གློ་བུར་དུ་བྱིའུ་དེ་གནམ་ནས་ངའི་ཕྲག་པའི་སྟེང་དུ་བབས་ནས་ལྷོད་ལྷོད་ངང་གནས་སོང་། ༧རྒྱལ་དབང་ཀརྨ་པ་མཆོག་ཕྲུ་གུ་ཆུང་ཆུང་བཞིན་དུ་ཐུགས་ཤིན་ཏུ་མཉེས་ཏེ། ཕལ་ཆེར་ངས་ཆེད་དུ་གཉེར་ནས་བྱིའུ་དེ་འཛིན་པའི་ཆེད་རྫུ་འཕྲུལ་འདྲ་བསྟན་པ་ལྟར་གནང་ནས་ཐུགས་རྗེ་ཆེ་གསུངས་སོང་ལ། ཁོང་གིས “འདིའི་མཚོན་དོན་ནི། ཁྱེད་ཀྱིས་འདས་པའི་དུས་སུ་བྱང་ཆུབ་ཀྱི་སེམས་ཉམས་སུ་བླངས་པར་བསྟན།” ཅེས་གསུངས། བཀའ་མོལ་འདིས་ངའི་རྒྱུད་ལ་ལོ་ནས་ལོར་སྦྱངས་པའི་སློབ་སྦྱོང་གིས་བཞག་པའི་བག་ཆགས་ལས་ཀྱང་ཆེས་ཆེ་བའི་བག་ཆགས་ཤིག་བཞག་སོང་།
༧སྐྱབས་མགོན་རིན་པོ་ཆེའི་ཉེ་འཁོར་དུ་གནས་པ་དང་། ཐུན་མོང་མ་ཡིན་པའི་ལམ་ལུགས་འདིའི་མངའ་འོག་ཏུ་འཚར་ལོངས་བྱུང་བ་ལ་བརྟེན་ནས་མཐའ་གང་རུང་དུ་མི་ལྷུང་བར་བྱ་རྒྱུ་ནི་ཤིན་ཏུ་གནད་གལ་ཆེན་པོ་ཞིག་ཡིན་པའི་ཚོར་སྣང་ཞིག་བྱུང་། ཕྲུ་གུ་ཞིག་ཉམས་ལེན་ཅན་གྱི་དཔའ་བོ་དུ་མ་དང་མཇལ་འཕྲད་བྱུང་བ་ནི། ཕྲུ་གུ་དེ་ཉིད་མགོ་རྙོག་པའི་རྒྱུར་གྱུར་པའི་ཆེད་མིན་མོད། འོན་ཀྱང་དེའི་རྒྱུད་ལ་གཉིས་མེད་ཀྱི་ལྟ་བའི་རྨང་གཞིའི་བག་ཆགས་འཇོག་པའི་ཆེད་དུ་རེད།