ལེའུ་ལྔ་པ། ལེ་པོ་གླེན་པ།

cropped-self-portrait.jpg

སྐྱེ་བ་ཕྱི་མར་ང་ལ་མིང་གང་འདོགས་ཀྱི་ཡོད་མེད་ངས་བཤད་ཚོད་མི་ཐིག དེར་མ་ཟད་མིང་ཞེས་པའི་ཐ་སྙད་ཡོད་པའི་ཁམས་སུའང་སྐྱེ་བར་ཤེས་དཀའ། སྲིན་འབུ་སྦུར་བ་ (beetle) ཚོས་ནང་ཕན་ཚུན་མིང་འབོད་རེས་བྱེད་དམ། གཅིག་བྱས་ན་རྫོང་གསར་མཁྱེན་བརྩེ་ཞེས་པའི་ངའི་མིང་དེ་མ་འོངས་པར་གོ་ས་ཆེན་པོར་དམིགས་ཤིང་དབང་ཐང་ལྡན་པའི་གང་ཟག་གམ། གཡོ་སྒྱུ་ཅན་གྱི་སྤུན་མཆེད་ཞིག་ལ་འདོགས་སྲིད། ཕྲུ་གུ་གང་ལ་ངའི་མིང་བཏགས་པའི་ཕྲུ་གུ་དེའི་ཇ་ཕོར་ནང་དུ་ཁོ་བོ་ལྷུང་སྟེ་རང་གི་སྲོག་ཤོར་མི་སྲིད་པའང་ག་ལ་ཡིན།

ཆུང་དུས་ངའི་མིང་འདོགས་ལ་ “ལེ་པོ་” ཟེར། དེ་ནི་གླེན་པའི་དོན་ཡིན། འབྲུག་ཡུལ་དུ་མི་ཚོར་གླེན་པ་ཞེས་འབོད་པ་དང་། རྒྱགས་པ། འབྲས་ཀྱི་པོ་ལོ། གྲྭ་ལོག ཡང་ན་ཚལ་སླང་སོགས་མིང་ངན་འབོད་པ་ལ་སུ་ཡང་ཕོག་ཐུག་ཐེབས་ཀྱི་མེད།

རྒྱལ་སྤྱིའི་ལམ་ལུགས་ལྟར་འབྲུག་རྒྱལ་ཁབ་ཀྱིས་ཀྱང་མི་མང་སོ་སོའི་ངོ་སྤྲོད་ལག་དེབ་བཟོ་རྒྱུར་དང་དུ་བླངས་དགོས་པར་བྱུང་། སྐྱེ་བོ་དུ་མས་མི་ཤེས་པར་རང་གི་ངོ་སྤྲོད་ལག་དེབ་ཀྱི་ནང་དུ་རང་གི་མིང་འདོགས་བཀོད་ཡོད། ངའི་དགོན་པའི་མཁན་པོ་ཞིག་གིས་ཕྱི་སྐྱོད་ལག་ཁྱེར་དུ་རང་མིང་ “ཡོང་སྦ་” ཞེས་བཀོད་ཡོད་ལ། དེ་ནི་ལྐུགས་པ་ཞེས་པའི་མིང་གི་རྣམས་གྲངས་ཡིན། འབྲུག་པ་དང་བོད་པ་ཚོས་དབུས་མིང་ལྟ་ཞོགས་རིགས་བརྒྱུད་གོ་བར་བྱེད་པའི་ཕ་མའི་མིང་མཐའ་འདོགས་པའང་དཀོན།

རབ་ཏུ་བྱུང་བ་རྣམས་ལ་ཐོག་མར་སྐྱབས་སྡོམ་ཀྱི་སྐབས་སམ་དགེ་ཚུལ་སློང་གི་བསླབ་པ་མནོད་ཚེ་བླ་མས་ཆོས་མིང་རེ་གནང་སྲོལ་ཡོད། འོན་ཀྱང་མིང་དེ་བེད་སྤྱོད་བྱ་རྒྱུ་ནི་བརྒྱ་ལམ་ན་རེ་འགའ་ཙམ་རེད། ལོ་མང་པོའི་གོང་བདག་གིས་འབིར་དུ་བཤད་གྲྭ་ཞིག་འཛུགས་བསྐྲུན་བྱ་རྒྱུ་འགོ་བཙུགས་པ་ན། ངའི་འོག་ཏུ་ཕྱག་ལས་གནང་མཁན་དགེ་འདུན་པ་ལག་མཐིལ་དུ་བཤོང་ཙམ་ཞིག་ཡོད། ཁོང་ཚོར་རྒྱལ་མཚན་དང་། སྒྲོན་འཛིན་ལྟ་བུ་རང་རང་གི་ཆོས་མིང་ནས་སྨོས་ཏེ་འབོད་ན་སུས་ཀྱང་ཡ་ལན་བྱེད་དཀའ། འོན་ཀྱང་ཁོ་ཚོའི་མིང་འདོགས་གནམ་གྲུ་དང་། ཚ་སྤྲུག་ལྟ་བུ་འབོད་ན་དེ་མ་ཐག་ཏུ་སླེབས།

མིང་གཞན་ཞིག་ནི་དོ་བདག་སོ་སོས་ཀྱང་རང་གི་མིང་ཡིན་མིན་མི་ཤེས་པའི་རིགས་ཤིག་ཡོད། དེ་དག་ནི་གྲྭ་པ་ཚོས་ལྐོག་ཏུ་རང་གི་དགེ་རྒན་དང་མཁན་པོ་ཚོར་བཏགས་པའི་མིང་འདོགས་དེ་ཚོ་རེད།  དེ་ཡང་དཔེར་ན། མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་ནི་སྐྱེས་བུ་དམ་པ་ཞིག་ཡིན་པའི་ཁར། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱིས་བརྒྱན་ལ། ཆོས་ཁོ་ན་ལས་མི་བསམ་པའི་ཞི་ཞིང་དུལ་བའི་ཉམས་ལེན་པ་ཞིག་ཡིན་ཀྱང་། གྲྭ་པ་འགའ་ཞིག་གིས་ལྐོག་ཏུ་ཁོང་ལ་གྷ་བྷར་སིང་ (Gabbar Singh) ཞེས་འབོད་ཀྱི་ཡོད། གྷ་བྷར་སིང་ནི་ (Gabbar Singh) ཕྱི་ལོ་ ༡༩༧༠ ལོ་ནས་བཟུང་རྒྱ་གར་གློག་བརྙན་ནང་དུ་མི་ངན་འཁྲབ་ཚན་འཁྲབ་མཁན་པ་ཞིག་རེད། མཁན་རིན་པོ་ཆེ་ཁོང་ལ་མིང་ངན་དེ་བཏགས་པ་ཡང་གྲྭ་པ་རྣམས་ཁོང་ལ་སྐྲག་གི་ཡོད་པའི་རྒྱུ་མཚན་གྱིས་ཡིན་ལས་ཆེ་སྙམ།

Arthur_Rackham_Little_Red_Riding_Hood

ངའི་གཅུང་པོ་དང་གཅུང་མོ་ཚང་མ་ལ་མིང་འདོགས་རེ་རེ་ཡོད། ཨ་ཅེ་ཆེ་བ་སྐལ་བཟང་ཆོས་སྒྲོན་ལ་གླེན་མོ་ཞེས་འབོད་ཀྱི་ཡོད། འོན་ཀྱང་དེ་ལྟར་འབོད་པ་ནི་ཁོ་མོ་ལ་བརྙས་བཅོས་བྱས་པ་གཏན་ནས་མིན། གང་ཡིན་ཟེར་ན་དོན་ངོ་མར་ཁོ་མོ་ནི་སྤྱང་གྲུང་འཛོམས་ལ་འཇོན་ཐང་ཅན་ཞིག་ཡིན། ཁོ་མོ་ཆུང་དུས་ནས་ནུབ་བྷང་གྷ་ལའི་ (West Bengal) ཁུལ་གྱི་དཀར་ཤོང་ (Karshiang)  དུ་ཡོད་པའི་སེན་ཊི་ཧེ་ལན་ (St Helen School) ཞེས་འབོད་པའི་ཡི་ཤུའི་སློབ་གྲྭར་བསྐྱོད།  ང་ཚོ་སྤུན་མཆེད་གཞོན་པ་ཚོས་ཨ་ཅེའི་གུང་གསེང་སྐབས་ཁོ་མོ་ནང་ལ་སླེབས་ན་སྙམ་པའི་རེ་བ་ཤུགས་ཆེར་བཅངས་ནས་གནས་ཀྱི་ཡོད། དེའི་རྒྱུ་མཚན་ཡང་ཁོ་མོས་སྒྲུང་དེབ་ཆུང་ཆུང་རྣམས་བཀླགས་ནས་ང་ཚོར་སྒྲུང་བཤད་ཀྱི་ཡོད་པས་རེད། (Little Red Riding Hood) ཅེས་པའི་སྒྲུང་དེབ་ང་ལ་ཐོག་མར་ངོ་སྤྲོད་གནང་མཁན་ཡང་ཁོ་མོ་ཡིན། རྒྱ་གར་བྱང་ཕྱོགས་ནས་བྱུང་བའི་སྒྲུང་དང་རི་མོ་རྣམས་ལ་རླབས་ཆེན་གྱི་ནུས་པ་ལྡན་པས། (Little Red Riding Hood) ཅེས་པའི་སྒྲུང་དེ་ཡང་ཇི་ཙམ་ཉན་ཡང་ཉོབ་སྣང་དང་སུན་སྣང་མ་སྐྱེས། སྒྲུང་ཉན་རྗེས་མཚན་མོ་སྤྱང་ཀི་དྲན་ནས་ཞེད་སྣང་དང་བཅས་གཉིད་ཁུག་མ་ཐུབ་པར་ལུས་ཀྱི་ཡོད།

ངའི་སྲིང་མོ་ཡེ་ཤེས་དཔལ་འཛོམས་ལ་ “སྦག་ཏང་མོ་” ཞེས་འབོད་ཅིང་དེ་ནི་རྒྱགས་པ་ཞེས་པའི་དོན་ཡིན། དེ་ལྟར་འབོད་པ་ཡང་ཁོ་མོ་ཆུང་དུས་བཟོ་ལྟ་ཅུང་གོར་མོ་དང་རྒྱགས་པ་ཡོད་པས་རེད། ད་ལྟའང་ཁོ་བོའི་སེམས་ནང་དུ་ཡེ་ཤེས་དཔལ་མོ་ཟེར་དུས་མུ་མན་གྱི་མདོག་གི་ཕྱུ་པ་གོན་ཏེ་རྒྱགས་པ་རིལ་རིལ་ཞིག་དང་། ལྟ་བ་ཧ་ཅང་མཁྲེགས་པོ་ཡོད་པ་ཞིག་ཝ་ལེར་ཤར་གྱིན་འདུག ཁྱིམ་དུ་ནང་མི་དང་མཉམ་དུ་དུས་ཚོད་ཐུང་ཐུང་རིང་སྡོད་སྐབས་ཡེ་ཤེས་དཔལ་མོས་རང་ཉིད་གང་ཐུབ་སྲུང་སྐྱོབ་བྱེད་ཀྱི་ཡོད་པའི་ཚོར་སྣང་བྱུང་། ད་ཆ་ཁོ་མོ་སྒོར་སྒོར་དང་རྒྱགས་པ་མེད་ཀྱང་ལྟ་བ་མཁྲེགས་པོ་ནི་ད་དུང་མཆིས། སྤྱིར་བཏང་ལྟ་བ་མཁྲེགས་པོ་ནི་འཕྲིན་ལས་ནོར་བུའི་ཕྲུ་གུ་ཚོའི་སྐྱེས་རྟགས་ལྟ་བུར་གྱུར། གང་ཡིན་ཞེ་ན། ང་ཚོའི་པ་ཕ་ནི་ལྟ་བ་མཁྲེགས་པོའི་རང་གཟུགས་ཡིན་པ་ཁོང་གི་ཕྱག་རོགས་ནང་ཁུལ་དུ་་ཡོངས་སུ་གྲགས་པ་ཡིན་པར་ཐོས།

གཅུང་པོ་དགའ་རབ་རྡོ་རྗེ་ལ་ “མེ་མེ་དགའ་རབ་” ཅེས་འབོད། ཁོང་ལ་ཅིའི་ཕྱིར་དེ་ལྟར་འབོད་པ་དྲན་གྱི་མི་འདུག བུ་སྤུན་ཆུང་བ་འཇམ་དཔལ་རྡོ་རྗེ་ལ་ “སྒང་སྒོང་ལ” ཞེས་ཟེར་གྱི་ཡོད། དེའི་དོན་ནི་རྡེའུ་ཞེས་པའི་དོན་ཡིན། ཁོ་ཆུང་དུས་སྐད་ཆ་བཤད་སྐབས་ཁ་ཆུ་འཛགས་པ་མ་ཟད་ད་ལྟའང་ཁ་ཆུ་འཛགས་ཀྱི་ཡོད་པའི་གཟུགས་བརྙན་ངའི་བློ་ཡུལ་ལས་ཡལ་བར་དཀའ། སྲིང་མོ་ཆུང་ཤོས་པདྨ་ཆོས་སྐྱིད་རེད། ཁོ་མོ་ལ་ “ནི་ཡ་མོ” ཞེས་འབོད། དེའི་དོན་ནི་ཙི་ཙི་ཞེས་པའི་དོན་ཡིན། བུ་སྤུན་ཆུང་ཤོས་ཨུ་རྒྱན་རྣམ་རྒྱལ་ལ་ “ཏ་ཡི་ལ” ཞེས་འབོད། དེའི་དོན་ནི་རྒྱ་སྲན་ཅེས་པའི་དོན་ཡིན། སྟབས་མ་ལེགས་པ་ཞིག་ལ་བདག་ལ་སྲིང་མོ་ཆུང་ཤོས་དང་། བུ་སྤུན་ཆུང་ཤོས་གཉིས་ཀྱི་ཆུང་དུས་ཀྱི་དྲན་པ་གང་ཡང་མེད། གང་ཡིན་ཟེར་ན་ཁོང་གཉིས་མ་སྐྱེས་གོང་གུས་པ་ནང་ནས་དགོན་པར་ཕྱིན་ཟིན་པས་རེད།

ལས་ཁུངས་ཀྱི་ཡིག་རིགས་ཁག་དང་ཡོངས་གྲགས་སུ་ང་ལ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཞེས་འབོད་ཀྱང་འདི་ནི་བླ་བརྒྱུད་ཀྱི་སྤྱི་མིང་ཙམ་ལས་ང་སྒེར་གྱི་མིང་མ་རེད། མིང་དོན་ཅུང་ཟད་འགྲེལ་ན། རྫོང་སར་ཞེས་པ་ནི་ནེ་ཤི་ཝི་ལ (Nashville) ཞེས་པ་ལྟར་ས་ཆ་ཞིག་གི་མིང་རེད་ལ། འཇམ་དབྱངས་མཁྱེན་བརྩེ་ཞེས་པ་ནི་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་མཚན་རེད། དེས་ན་བླ་མ་ཁོང་གི་ཡང་སྲིད་རྩད་གཅོད་གནང་བ་ནས་བཟུང་ཁོང་གི་བླ་མ་བརྒྱུད་པ་རྣམས་ལ་མཚན་དེ་ཆགས་ཤིང་། གུས་པའང་བླ་མ་ཁོང་གི་ཡང་སྲིད་དུ་ངོས་འཛིན་བྱས་པར་བརྟེན་ཁོ་བོར་མིང་དེ་རགས་པ་རེད།

བྱིས་པའི་སྐབས་ཕ་མས་ཕྲན་རང་པོ་པོ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་དྲུང་དུ་ཁྲིད་པ་ན། ཁོང་གིས་མཁྱེན་བརྩེ་ནོར་བུ་ཞེས་པའི་མིང་གནང་། པ་ལགས་ཀྱིས་རྟག་པར་ཁོ་བོ་ལ་མིང་དེས་འབོད། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་རང་གི་བུ་སློབ་རྣམས་ཀྱིས་མིང་ཞུས་སྐབས་ནོར་བུ་ཅེས་པའི་མིང་བཏགས་སྲོལ་ཡོད། དེ་ཡང་དཔེར་ན་འཕྲིན་ལས་ནོར་བུ། གཞན་ཕན་ནོར་བུ། ཕན་བདེ་ནོར་བུ་དང་ངའི་མིང་ལྟ་བུ་རེད། འོན་ཀྱང་ང་འབྲུག་ཤར་ཕྱོགས་སུ་པོ་པོ་དང་རྨོ་མོའི་ནང་དུ་འཚར་ལོངས་བྱུང་སྐབས་མི་ཁ་ཤས་ཀྱིས་ “བླ་མ་ཟླ་ཛ” ཞེས་འབོད། དེའི་དོན་ནི་བླ་མ་ཆུང་ཆུང་ཤེས་པའི་དོན་ཡིན། ཁ་ཅིག་གིས་གདུང་སྲས་རིན་པོ་ཆེ་ཅེས་འབོད། དེའི་དོན་ནི་ནང་གི་བརྒྱུད་པ་འཛིན་པ་ལ་ཟེར། དཔེར་ན་ངའི་པ་ལགས་གདུང་སྲས་འཕྲིན་ལས་ནོར་བུ་བདུད་འཇོམས་རིན་པོ་ཆེའི་སྲས་ཡིན་པ་ལྟ་བུ་རེད།

སི་ཀིམ་ལ་ང་ཁྲི་སྟོན་བྱེད་སྐབས་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ནས་རས་ཡུག་དམར་པོ་ཞིག་ལ་སེངྒེ་གཉིས་ཀྱིས་སྟེགས་པའི་པདྨའི་སྟེང་དུ། ཟླ་བ་དང་ཉི་མའི་གདན་གྱི་སྟེང་དུ་ “འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ།” ཞེས་བྲིས་ནས་བསྐུར་གནང་འདུག ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་མཆོག་གིས་ཀྱང་ “ཚངས་པ་ལྷ་ཡི་མེ་ཏོག” ཅེས་བསྩལ་གནང་མཛད། ང་ཚོའི་ལུགས་སྲོལ་ལ་གོང་ས་མཆོག་མཇལ་ཁ་བསྐྱར་སར་འགྲོ་སྲོལ་ཡོད་པ་བཞིན་ལན་ཅིག་ཁོང་མཇལ་ཁ་བསྐྱར་སྐབས་ “གཞན་ཕན་ཆོས་ཀྱི་སྣང་བ་” ཞེས་པའི་མིང་གནང། འོན་ཀྱང་རྒྱུན་དུ་ངའི་དགེ་རྒན་དང་། བླ་མ་རྣམས་ཀྱིས་ “ཡང་སྲིད་རིན་པོ་ཆེ” ཞེས་འབོད། བླ་མ་རྒན་གྲས་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་ལྟ་བུས་ནི་ད་ལྟའང་མིང་དེས་འབོད། ཆུང་དུས་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་སྐུ་མདུན་ནས་ཆོས་ཞུས་སྐབས་ཆོས་གྲོགས་སྤྲུལ་སྐུ་གཞོན་པ་རྣམས་ཀྱིས་ཁོ་བོར་ “ཁྲིམས་ཐར” ཞེས་འབོད་ཀྱི་ཡོད།

དེའི་རྒྱུ་མཚན་ནི་ངས་སྤྱོད་པ་ངན་པ་ཇི་ཙམ་བྱས་ཀྱང་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནས་ནམ་ཡང་བདག་ལ་བཀའ་བཀྱོན་བཏང་བ་དང་། གསུང་སྐད་མཐོན་པོ་སྒོ་ནས་བཀའ་མོལ་གསུངས་པ། དེ་བཞིན་གཤེ་གཤེ་བཏང་བ་སོགས་ལྟ་ཞོགས་མི་མགུ་བའི་རྣམ་པ་ཙམ་ཡང་སྟོན་གྱི་མེད་པས་རེད། རིན་པོ་ཆེ་མ་གཏོགས་གཞན་ཀུན་གྱི་སྣང་ངོར་ངས་གང་བྱས་པ་ནི་བཟོད་མི་ཐུབ་པ་ཞིག་ཏུ་གྱུར། ཕྱིས་སུ་གུས་པ་སངས་རྒྱས་ཆུང་ཆུང་ (Little Buddha) ཞེས་པའི་གློག་བརྙན་གྱི་འཁྲབ་སྟོན་ཞིག་གི་ཐད་ལ་ལས་ཀ་བྱེད་སྐབས་ཨི་ཊ་ལི་ (Italy) ནས་ཡིན་པའི་བྷོ་ནར་ཌོ་བེར་ཊོ་ལུག་སི (Bernardo Bertolucci) གཙོས་པའི་འཁྲབ་ཁྲིད་པའི་སྡེ་ཚན་རྣམས་ཀྱིས་ངའི་མིང་འབོད་ཐུབ་དཀའ་བར་བརྟེན་ཁོང་ཚོས་ང་ལ་ “པི་ཀོ་ལོ་པར་ཌེ་རེ” “Piccolo Padre” ཞེས་འབོད། དེའི་དོན་ནི་པ་ལགས་ཆུང་ཆུང་ཞེས་པའི་དོན་ཡིན་ནམ་སྙམ། དེ་ལྟར་འབོད་པའི་རྒྱུ་མཚན་ཡང་སིངྒ་པུར་ (Singapore) དང་མ་ལེ་ཤི་ཡ་ (Malaysia) ནས་ཡིན་པའི་རྙོག་ཟིང་ཅན་གྱི་སྐྱེ་བོ་འགས་ངའི་རྒྱབ་ཏུ་ང་ལ་དཔོན་པོ “Boss” ཞེས་འབོད་ཀྱི་ཡོད་པས་རེད།

ངོས་རང་འཛམ་གླིང་ཡུལ་གྲུ་གཞན་དུ་འགྲུལ་བཞུད་བྱེད་འགོ་བཙུགས་པ་ན་ཕྱི་སྐྱོད་ལག་ཁྱེར་ཅེས་པའི་དངོས་པོའི་འཆར་སྣང་ཞིག་གསར་དུ་བཟོ་སྐྲུན་བྱ་དགོས་བྱུང་ལ་དེ་ལ་ཇི་ཙམ་ཞིག་དཀའ་ངལ་འཕྲད་པ་རྣམ་པ་ཚོས་ཚོད་དཔག་བྱོས་དང།

1 Comment

  1. སྐལ་པེ།

    ཡག་པོ་བསྒྱུར་འདུག

    Reply

Submit a Comment

Your email address will not be published. Required fields are marked *

Skills

Posted on

August 7, 2016