ལེའུ་བཞི་པ། སྦས་པའི་ཡུལ།

by | Jun 9, 2016 | 0 comments

བྱིས་པའི་སྐབས་ཀྱི་དྲན་པ་རྣམས་ལས་གསལ་པོར་དྲན་ནུས་པ་ཞིག་ནི་ང་ཚོའི་ནང་གི་ཐབ་ཚང་དུ་བས་ཁེངས་པ་དེ་རེད། ཐབ་ཚང་དེའི་ནང་དུ་རྫ་མ་ལས་བྱས་པའི་ཐབ་ཀྱི་དུ་ཁུང་དང་། ཁང་ཐོག་གི་རྩིག་པར་ཐུས་པའི་མེ་ཤིང་བཅུག་སའི་སྟེགས་བུ་ཞིག་ཡོད། སྟེགས་བུ་དེ་ཉིད་དུ་སྔོ་ཚལ་གཏུབ་པ་དང་། གསུབ་ཇ་གསུབས་ཀྱི་ཡོད། ཐང་ཤིང་གི་འགལ་དུམ་དལ་བུར་སྤར་བའི་མེ་དྲིས་ང་ཚོའི་སྣའི་བུ་ག་ཡོངས་རྫོགས་ནག་པོ་ཆགས། ཤིང་དུམ་དེ་ཚོ་མཆོད་མེ་བཟོ་སར་ཡང་བེད་སྤྱོད་བྱེད། ཐབ་ཚང་དེའི་བྱེད་ལས་གནད་གལ་ཆེ་ཤོས་ནི་ནང་མི་ཡོངས་རྫོགས་ཟ་མ་བཟའ་ཆེད་འཛོམས་སར་གྱུར་པ་དེ་རེད། དགོང་ཚིགས་བཟས་ཚར་བའི་རྗེས་སུ་རྒན་པ་ཚོས་སྒྲུང་བཤད་པས། སྒོམ་ཆེན་ཚོས་གདོན་འདྲེའི་སྒྲུང་བཤད་ནས་རང་གི་གྲིབ་གཟུགས་ཀྱིས་ང་ཚོར་ཞེད་སྣང་བླངས། སྒྲུང་གཅིག་ཉིད་ཐེངས་བརྒྱ་ཕྲག་ཙམ་བསྐྱར་ཟློས་བྱས་ཀྱང་བཤད་པ་པོ་དང་ཉན་པ་པོ་གཉིས་ཆར་མི་བསུན། དུས་ཆེན་ཆེ་ཁག་གི་སྐབས་སུ་ས་སྣུམ་གྱི་མར་མེ་སྒྲོན་སྲོལ་ཡོད་ཅིང་། དེས་ང་ཚོ་ཕྲུ་གུ་ཚོེའི་ཡིད་དབང་ཧ་ཅང་འགུགས་པར་བྱས།

King Ugyen Wangchuk, 1905

རྒྱལ་པོ་ཨུ་རྒྱན་དབང་ཕྱུག ༡༩༠༥།

Lhasa, Regent Gyeltshap Reting Rinpoche

རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ།

ཆུང་དུས་མ་ཕྱོགས་ཀྱི་པོ་པོ་བླ་མ་བསོད་ནམས་བཟང་པོ་དང་དོན་གྲུབ་དཔལ་མོ་གཉིས་ཀྱི་ལྷན་དུ་ཁ་ལག་བཟས་པ་ད་ལྟའང་གསལ་པོ་དྲན་གྱི་འདུག བླ་མ་བསོད་ནམས་བཟང་པོ་ནི་སྒྲུང་བཤད་པ་ལ་མཆོག་ཏུ་གྱུར་པ་ཞིག་སྟེ། བླ་མ་ཁོང་དྲན་ཤེས་ཤིན་ཏུ་བརྟན་པས་ལོ་རྒྱུས་དང་ལོ་རྒྱུས་ནང་གི་མི་སྣ་ཡོངས་ཀྱི་མིང་གསལ་པོར་དྲན་ཐུབ། ཁོང་གིས་འབྲུག་རྒྱལ་དང་པོ་ཨུ་རྒྱན་དབང་ཕྱུག་གི་རྒྱ་གང་འདྲ་ཡོད་མེད་དང་། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་ (༡) ན་ཚོད་གཞོན་ལ་ཧ་ཅང་བརྗིད་ཉམས་དོད་པའི་རྒྱུ་མཚན་གྱིས་གོང་ས་སྐུ་ཕྲེང་བཅུ་གསུམ་པས་ཁོང་ཇོ་ཁང་ནང་དུ་ཕེབས་པའི་ཆོག་མཆན་གནང་སྐོར་འགྲེལ་བརྗོད་གནང་སྐབས་མིག་ནང་དུ་དེ་དག་གི་སྣང་བརྙན་ཡང་གསལ་ལེར་ཤར་བར་བྱས། བཤད་རྩལ་དེས་རང་གི་བཤད་པའི་སྒྲུང་ལ་སྲོག་འབྱིན་པར་བྱེད།

ཁོང་ནི་བཅོས་སྒྲུང་གི་མཛོད་ལྟ་བུ་ཡིན། ཁོང་གིས་རྗེ་བཙུན་སྒྲོལ་ལྗང་གི་རྣམ་སྤྲུལ་ཁྱི་ཞིག་གིས་ཕྲུ་གུ་ཞིག་སྐྱོབ་པའི་སྒྲུང་ཞིག་བཤད་པ་ཟུར་ཙམ་དྲན་གྱི་འདུག ངས་ད་དུང་ཡང་སྒྲུང་ཡོངས་རྫོགས་དྲན་པ་གསོ་བའི་ཐབས་ཤེས་གང་དྲག་བྱེད་བཞིན་ཡོད་མོད། ངའི་དྲན་ཡུལ་དུ་གསལ་པོ་ཡོད་པ་ནི་ཁྱི་དེས་ཕྲུ་གུ་དེ་ལ་རང་གི་ཁ་ནང་དུ་མེ་ཏོག་ཧ་ཅང་ལྟ་ན་སྡུག་པ་ཞིག་འཁུར་དུ་བཅུག་པ་དེ་རེད། འོན་ཀྱང་ཁོ་བོའི་དབུགས་ཀྱི་རྒྱུ་བ་མཐའ་མའི་བར་སྒྲུང་ལྷག་མ་དེ་དྲན་མི་ཐུབ་པའི་ཚོར་བ་རྣོན་པོ་ཞིག་མཆིས།

ཉིན་ལྟར་པོ་པོ་ལགས་ཀྱིས་སྔར་རང་ཉིད་ཡུན་རིང་པོར་བཞུགས་མྱོང་ཡོད་པའི་སྦས་པའི་ཡུལ་གྱི་སྐོར་གསུངས་ཤིང་། གནས་དེར་ད་དུང་ཕེབས་འདོད་ཡོད་སྐོར་ཡང་གླེང་། ཁོང་སྦས་ཡུལ་དེ་ལ་ཧ་ཅང་དགའ་ཞེན་ཆེ་བས་ང་ཚོ་ལྡུམ་བུ་རི་རལ་གྱི་སྔོ་ཚལ་བཟས་སྐབས་ཀྱང་སྔོ་ཚལ་འདི་ནི་སྦས་ཡུལ་གྱི་ལྡུམ་བུ་རི་རལ་བཞིན་དུ་ལྗང་ཁུ་མིན་འདུག་ཅེས་གསུངས་ཤིང་། སྨན་རྩྭ་ལྗང་ཁུའི་རིགས་གཞན་གཟིགས་སྐབས་ཀྱང་དེ་དག་སྦས་པའི་ཡུལ་གྱི་སྨན་རྩྭ་བཞིན་དུ་ཁ་དོག་སྣུམ་པོ་མེད་རབས་དང་། དམིགས་བསལ་ཁོང་ཡུལ་དེའི་ཤིང་གི་གཤམ་དུ་སྐྱེ་བའི་ཤ་མོང་ལ་མཉེས་པོ་ཡོད།

ངའི་དྲན་པར་མཆིས་པའི་སྦས་ཡུལ་དེའི་རྣམ་པ་ནི་ཚ་ཟེར་ལྡན་པའི་ཉི་མ་དང་། སྒོ་ཁྱམས། དེ་བཞིན་ཚལ་གྱི་ལྡུམ་ར་ཆུང་ངུ་ཙམ་ཞིག་རེད།

སྔགས་ཀྱི་ཐེག་པ་ནི་ཡེ་ཤེས་རང་རྒྱུད་ལ་སྐྱེ་བའི་ཐབས་ལམ་བསམ་གྱིས་མི་ཁྱབ་པ་མང་དུ་མངའ་བའི་ཐེག་པ་ཞིག་རེད། དེ་ཡང་དཔེ་མཚོན་ཙམ་ཞིག་ཞུ་ན། རང་ཉིད་མི་སྣང་བར་འགྱུར་བའི་སྒོ་ནས་ཐར་ལམ་སྙེགས་པ་ལྟ་བུ་རེད། གུས་པའི་དགེ་རྒན་ཞིག་ཀྱང་ཉིན་ཞིག་མི་སྣང་བར་གྱུར་ཏེ་སླད་སུས་ཀྱང་མཐོང་མེད། ཐབས་ལམ་གཞན་ཞིག་ནི་སྨྱོན་པའི་སྤྱོད་ལམ་དང་དུ་བླངས་ནས་སྤྱི་ཚོགས་ཀྱི་ལམ་ལུགས་ལས་བརྒལ་རྒྱུ་དེ་རེད། ངའི་དགེ་རྒན་གཞན་ཞིག་གིས་ཐབས་ལམ་དེ་ཐུགས་ཉམས་སུ་མཛད། ལམ་གཞན་ཡང་ཤུག་པའི་ཡལ་ག་དང་ལོ་མ་རྣམས་ལ་སྐྱོན་གང་ཡང་མ་ཤོར་བར་བག་ཟོན་ཆེ་བཞེས་ཀྱིས་དེའི་འབྲས་བུ་རྣམས་བཙིར་ཏེ་ཉིང་ཁུ་བཏོན་ཅིང་། ཤུག་པའི་སྙིང་པོ་དེ་ཉིད་ཁོ་ན་ཟས་སུ་བསྟེན་ཏེ། ཟ་བཏུང་རགས་པ་གཞན་རྣམས་སྤངས་ནས་ཟ་བ་དང་། བཅའ་བ་དང་། མིད་པའི་གཡོ་འགུལ་གྱི་བྱ་བ་དང་། ཟས་འཇུ་བ་སོགས་ཀྱི་གོམས་གཤིས་ལས་གྲོལ་ཅིང་རྩ་རླུང་ཐིག་ལེ་འཁོད་སྙོམས་པར་བྱས་ནས་ཡེ་ཤེས་དང་ནུས་པ་མངོན་དུ་བྱ་རྒྱུ་དེ་རེད། པོ་པོ་བླ་མ་བསོད་ནམས་བཟང་པོ་ཁོང་བཅུད་ལེན་གྱི་ཉམས་ལེན་ལ་ཧ་ཅང་མཁས་པ་རེད། ཁོང་གི་ཕྱག་ལག་བརྟན་པ་ལ་དཔེར་མི་བཟོད། ཁོང་དགུང་ལོ་བརྒྱད་ཅུར་ཕེབས་སྐབས་ཀྱང་སྐྲ་གཉིས་ལས་བྱས་པའི་པིར་ཞིག་གིས་འབྲས་ཀྱི་འབྲུ་མ་ཞིག་གི་སྟེང་དུ་ཡིག་འབྲུ་བྲིས་ཏེ་རང་གི་ལག་རྩལ་ངོམས་པ་ངས་ད་དུང་དྲན།

འོན་ཀྱང་ཁོང་ནི་སྦས་པའི་ཡུལ་དུ་ཕེབས་པའི་རྣལ་འབྱོར་པ་ཉིད་དུ་གྲགས་ཆེ་བ་ཡིན། རྡོ་རྗེ་ཐེག་པ་ལྟར་ན་ས་ཕྱོགས་གང་སར་སྦས་པའི་ཡུལ་གྱིས་ཁྱབ་པར་བཞེས། བྷོ་རིན་ཙ (Bronx) ཞེས་པའི་ས་ཆ་དེར་ཡང་སྦས་ཡུལ་ཡོད་སྲིད། ཨ་རིའི་ (America) གདོད་མའི་ཆོས་ལུགས་ཀྱི་བྱེ་བྲག་ཤ་མན་ (Shamans) གྱི་ལུགས་ལ་ཡང་སྦས་ཡུལ་དུ་བསྐྱོད་པའི་ཐབས་ལམ་དང་སྦས་ཡུལ་གྱི་ནུས་པ་ནང་འདྲེན་བྱེད་པའི་ཐབས་ལམ་མངའ་བར་ཡིད་ཆེས་བྱེད། བདག་གིས་ཌོན་འཇོན (Don Juan) གྱི་སློབ་མས་བརྩམས་པའི་དེབ་ཞིག་གི་ནང་དུ་སི་ཤཱི་ཡོ (Sitio) ཞེས་པའི་སྐོར་བཀླགས་པ་རབ་རིབ་ཙམ་དྲན།

སྦས་པའི་ཡུལ་དུ་འགྲོ་བ་ནི་འཇིག་རྟེན་འཁོར་བ་ལ་མཐར་ཐུག་པའི་གྱེན་ལོག་བྱེད་པ་རེད། དེ་ཡང་རྒྱུན་ལྡན་གྱི་སྤྱི་ཚོགས་ཀྱི་འཚོ་བ་ལས་ཐོན་ཏེ་རང་འདོད་གང་ཤར་བྱར་དབང་མེད་པར་ཚོགས་པའི་ཁྲིམས་གང་ཡོད་ཀྱི་འོག་ཏུ་གནས་དགོས་པའི་སྤྱི་ཚོགས་གསར་པར་མཉམ་ཞུགས་གནང་བ་ལས་ཀྱང་ལྷག་པ་ཞིག་རེད། གུ་རུ་རིན་པོ་ཆེས་ཆོས་ཚན་མང་པོ་ཞིག་གི་ནང་དུ་སྦས་པའི་ཡུལ་གྱི་སྐོར་གསུངས་ཡོད། སྦས་པའི་ཡུལ་དེ་དག་ལས་ཁ་ཅིག་ནི་མི་འགྲོ་མི་ཐུབ་པའི་གནས་སུ་ཆགས་ཡོད་ལ། འགའ་ཞིག་བསྐྱོད་ཐུབ་པའི་གནས་སུ་གྱུར་མོད། འོན་ཀྱང་དེ་དག་ཀུན་ལ་འགྲོ་བར་དཀའ་ཚེགས་ཆེན་པོ་ཡོད། བགྲོད་རུང་གི་གནས་སུ་ཆགས་པ་རྣམས་ཀྱང་སྐྱེ་བོ་གང་ཞིག་ཡུལ་དེར་སླེབས་ཐུབ་ཡོད་མིན་ལ་མ་ལྟོས་པར་བསྐྱོད་པའི་དུས་ལས་འདས་ཟིན་པ་དེ་འདྲའང་ཡོད་སྲིད་ལ། སྦས་ཡུལ་འགའ་ཞིག་གནས་གཞན་དང་གཞན་དུ་སྤོ་ནས་འགྲོ་བའང་ཡོད། སྦས་ཡུལ་ཁ་ཅིག་རང་གི་ནུས་པ་ཉམས་ནས་དེའི་ངོ་བོ་ལས་ཟློག་སྲིད། གལ་ཏེ་ཁྱོད་ཀྱིས་སྦས་ཡུལ་གང་ཞིག་གི་གསང་སྒོ་ཕྱེ་ཐུབ་ཚེ་གནས་དེར་བསྐྱོད་པའི་དགོས་པ་རྣམས་གྲུབ་མ་ཟིན་བར་གནས་དགོས། གནས་དུས་ཀྱི་ཚད་ཀྱང་ཉིན་འགའ་ཤས་ཙམ་ཡིན་ཆོག་ལ། ལོ་བཅུ་ཕྲག་ཙམ་མམ་ཡང་ན་ཚེ་རབས་འགའ་ཤས་ཀྱང་ཐོགས་སྲིད། གང་ལྟར་གནས་དེར་གནས་པའི་དུས་ཀྱི་འདམ་ཀ་རང་ལ་མེད།

གུ་རུ་རིན་པོ་ཆེས་སྦས་པའི་ཡུལ་དེ་དག་གི་གསང་སྒོ་དབྱེ་ཐབས་ཀྱི་ལམ་སྟོན་དང་ས་ཁྲ་བཞག་གནང་མཛད་ཡོད། དེ་ཡང་ལམ་གང་ནས་བསྐྱོད་དགོས་ཚུལ་དང་། སྒར་གང་དུ་བཙུག་དགོས་མིན་དང་། མེ་སྤར་ཆོག་གི་ཡོད་མེད་དང་། གསང་བརྡ་རྣམས་ཇི་ལྟར་བཀྲོལ་དགོས་མིན་དང་། ཅི་འདྲ་བའི་བྱིའུའི་སྒྲ་དེ་བཀྲ་ཤིས་པ་དང་ཇི་འདྲ་བ་རྣམས་བཀྲ་མི་ཤིས་པ་ཡིན་པ་དང་། དེ་བཞིན་དུ་མཚམས་གང་ལས་བརྒལ་ནས་ཟངས་དང་ཞ་ཉེ་སོགས་འཁུར་ཆོག་མིན་དང་། ལམ་བར་དུ་ཡོད་པའི་པད་པ་ཡི་གཟུགས་སུ་སྤྲུལ་པའི་སྒོ་སྲུང་གི་མཁའ་འགྲོ་མ་རྣམས་ཀྱི་སྤྱོད་ལམ་དང་། ཡུལ་དེར་འབྱོར་བ་ན་ཇི་ལྟར་བྱ་དགོས་མིན་གྱི་ངོ་སྤྲོད་ཞིབ་ཕྲ་འཁོད་ཡོད། གུ་རུ་རིན་པོ་ཆེ་ལྟར་ན་སྦས་ཡུལ་དུ་བསྐྱོད་པ་ལ་མཁེ་ཕན་ཧ་ཅང་ཆེན་པོ་ཡོད་པར་གསུངས་ཏེ། ཡེ་ཤེས་ཀྱི་སྒོ་མོ་ཐོག་མ་དེ་དེར་ཕྱེ་སྲིད་ལ། གནས་དེར་འཇིག་རྟེན་གྱི་གུ་དོག་པའི་རྒྱུ་མཚན་རང་བཞིན་ལྡན་པའི་བསམ་པའི་འོག་ཏུ་ཡང་གནས་མི་དགོས། གསང་སྒོ་འབྱེད་བྱེད་ཀྱི་གསང་བརྡ་དང་ངོ་སྤྲོད་ཀློག་པ་དང་། སྦས་ཡུལ་དེ་ཁ་ཕྱེ་བ་ལ་དམིགས་བསལ་གྱི་ཐུན་མོང་མ་ཡིན་པའི་ཉམས་ལེན་རྣམས་ངེས་པར་སྔོན་དུ་འགྲོ་དགོས། རྐྱེན་བྱེ་བྲག་པ་རྣམས་ཀྱང་འཛོམས་དགོས་ཏེ། དེ་ཡང་སྔོན་འགྲོའི་མཐུན་རྐྱེན་ནི་རང་གི་དམིགས་ཡུལ་དང་སྤྱོད་ལམ་གཉིས་རེད། གལ་ཏེ་རང་ཉིད་རྒྱུ་མཚན་ལ་ཧ་ཅང་དགའ་ཞིང་། དཔྱད་ཞིབ་རང་བཞིན་ལྡན་པའི་བསམ་བློའི་གཤིས་ཀ་དང་ལྡན་ལ། རྒྱུན་ལྡན་གྱི་བསམ་བློའི་དམིགས་ཡུལ་ལས་འདས་པའི་བསམ་བློ་གཏང་རྒྱུའི་སྤོབས་པ་མེད་ན། སྦས་ཡུལ་རྙེད་རྒྱུ་དཀའ་ལས་ཁག་པོ་ཆགས་པ་རེད། སྦས་ཡུལ་དུ་བསྐྱོད་འདོད་པའི་འདུན་པ་དང་དེའི་སྐོར་ཤེས་པར་འདོད་པའི་འདུན་པ་ཙམ་ནི་འདི་སྐབས་ཀྱི་དམིགས་ཡུལ་དུ་གོ་མི་ཆོད།

སྦས་ཡུལ་དུ་བསྐྱོད་པ་ལ་བར་ཆད་ཧ་ཅང་མང་བས་ཉམས་ལེན་ཆེན་པོ་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཀྱང་ཐག་ཉེ་སར་སླེབས་ཏེ་ཕྱིར་ལོག་དགོས་པ་བྱུང་སྲིད། འགའ་ཤས་ཀྱིས་ངལ་བ་དུ་མ་ཁྱད་དུ་བསད་རྗེས་མཐར་སྦས་ཡུལ་མིག་གིས་མཐོང་། འོན་ཀྱང་དེ་ལས་མིག་སྐད་ཅིག་ཙམ་གཡོས་པ་ནའང་དེ་ཉིད་ཡལ་ནས་འགྲོ། གནས་སྟངས་དེ་འདྲ་དངོས་སུ་བྱུང་མྱོང་ཡོད།

Lama Sonam Zangpo, my maternal grandfather

ངའི་མ་ཕྱོགས་ཀྱི་པོ་པོ་བླ་མ་བསོད་ནམས་བཟང་པོ་ལགས།

ཁོ་བོའི་པོ་པོ་ལྟ་བུར་མཚོན་ན་དགོས་ངེས་པའི་སེམས་བསྐྱེད་དང་། རྩེ་གཅིག་པའི་ཡིད་བརྟན་ཏེ། མདོར་ན་སྦས་ཡུལ་འཚོལ་བ་པོ་ཞིག་ལ་དགོས་ངེས་ཅན་གྱི་ཆ་རྐྱེན་དང་ནུས་སྟོབས་ཡོངས་རྫོགས་མངའ། ཕྱི་ལོ ༡༩༥༡ ལོར་ཁོང་གིས་གུ་རུ་རིན་པོ་ཆེས་མི་ལོ་ ༡༢༠༠ སྔོན་དུ་བཞག་གནང་མཛད་པའི་སྦས་ཡུལ་གྱི་ལམ་ཡིག་དང་མ་འོངས་ལུང་བསྟན་གྱི་དེབ་དེ་ཉིད་བསྣམས་ནས་བློ་ཁོག་ཆེ་བཞེས་ཀྱིས་ཐུགས་ཐག་བཅད་ནས་གངས་རི་མཐོ་བོ་དང་། ཆར་རླུང་དྲག་པོ། སྨྱུག་གསེབ། ནགས་མཐུག་པོ། དེ་བཞིན་བྲག་རི་གཟར་པོ་སོགས་བརྒལ་ནས་སྦས་ཡུལ་འཚོལ་དུ་ཕེབས། སྐྱེ་བོ་བརྒྱ་ཕྲག་ཙམ་གྱིས་ཀྱང་རང་གི་རྒྱུན་གྱི་འཚོ་བ་སྟེ། མི་ཚེ་དང་ཁྱིམ། ཕྱུགས་དང་ཞིང་སོགས་ཏེ་མདོར་ན་རྒྱུ་ནོར་ལོངས་སྤྱོད་ཡོངས་རྫོགས་རྒྱབ་ཏུ་བསྐྱུར་ནས་ཁོང་གི་རྗེས་སུ་བསྐྱོད། དོན་དུ་ཁོང་ཚོ་ཚང་མས་ཧི་པི་ (hippies) ཡི་སྤྱོད་ལམ་མཐར་ཐུག་པ་དེ་བསྟེན་ནས་མི་ཚེ་སྤྱོད་པའི་ལམ་ལུགས་གསར་པ་ཞིག་དང་དུ་བླངས་པ་རེད།

ངའི་པོ་པོ་ལགས་ཀྱིས་རྙེད་ཅིང་གསང་སྒོ་ཕྱེ་སྟེ་གཞིས་ཆགས་པའི་སྦས་ཡུལ་གྱི་མིང་ནི་མཁན་པ་ལྗོངས་ཟེར། ཁོང་གནས་དེར་ལོ་བཅུ་ཙམ་བཞུགས། གནས་དེར་བཞུགས་པའི་སྐབས་ཁོང་ལ་བུ་མོ་ཏིང་ངེ་འཛིན་ལ་བརྩོན་པ་ཞིག་ཡོད། དེ་ལ་བོད་ནས་སླེབས་པའི་ཁྱོ་ག་སྣའི་བཟོ་ལྟ་དང་སེམས་ཁམས་ཀྱི་ཉམས་འགྱུར་གཞན་དང་མི་འདྲ་བ་ཡོད་པ་ཞིག་བཙལ་ཐུབ་པ་རེད། ཁོང་གཉིས་འདུས་པ་ལ་བརྟེན་ནས་སྦས་ཡུལ་དུ་ང་སྐྱེས། ཕ་མ་གཉིས་ལ་གནས་དེར་ངའི་གོང་ལ་ཕྲུ་གུ་ཞིག་སྐྱེས་ཀྱང་དེ་ཉིད་ཚེ་མ་བརྟན་པར་ཆུང་དུས་ནས་འདས་གྲོངས་སུ་ཕྱིན་པར་གྲགས། གཅིག་བྱས་ན་སྦས་ཡུལ་མཁན་པ་ལྗོངས་དེར་བཙས་ནས་ད་དུང་གསོན་པོར་གནས་ཏེ་དུག་ཅན་གྱི་རྐང་རྗེས་ས་གཞིའི་སྟེང་དུ་འཇོག་པ་དང་། འཇིག་རྟེན་འཇིག་པའི་རྒྱུ་རྐྱེན་དུ་གྱུར་པའི་སྐྱེ་བོ་ནི་ཁོ་བོ་ཅག་གཅིག་ལས་མེད་སྙམ། ང་སྐྱེས་ནས་དུས་ཡུན་རིང་པོར་མ་ལོང་གོང་དེར་གནས་པའི་སྐྱེ་བོ་ཀུན་གནས་དེ་དོར་ནས་ས་གཞན་དུ་གནས་སྤོ་བྱས་པས་སྨན་རྩྭས་ཁེངས་པའི་གནས་དེ་ཉིད་མི་མེད་ལུང་སྟོང་དུ་གྱུར་ཡོད།

face

(༡) ཐུབ་བསྟན་འཇམ་འཕེལ་ཡེ་ཤེས་རྒྱལ་མཚན་ནི་བོད་ཀྱི་སྤྲུལ་སྐུ་ཞིག་རེད། ཁོང་ནི་ལྷ་ས་དག་པོ་ནས་ཡིན་པའི་རྭ་སྒྲེང་རིན་པོ་ཆེ་སྐུ་འཕྲེང་ལྔ་པ་ (༡༩༡༠) རེད།

0 Comments

Submit a Comment

Your email address will not be published. Required fields are marked *