ལེའུ་གཉིས་པ། ངུའམ་ངུ་མི་རུང་།

ལོ་ངོ་ལྔ་བཅུ་ཙམ་གྱི་རིང་འཁྲུལ་སྣང་གི་མི་ཚེ་འདི་མ་ཞིག་པར་གསོན་པོ་གནས་ཐུབ་ཙམ་བྱུང་ཡོད། དུས་དེ་དག་གི་རིང་ལ་འབྲུག་དང་རྒྱ་གར་གྱི་ཡིད་བརྟན་མི་རུང་བའི་གཞུང་ལམ་དང་རྒྱལ་ལམ་ལེ་བར་སྟོང་ལས་ལྷག་པ་ལ་འགྲིམ་འགྲུལ་བྱས་ཟིན་ཅིང་། ཆ་རྐྱེན་ལྡན་ཞིང་འཇིག་སླ་བའི་གནམ་གྲུའི་ནང་དུའང་ལེ་བར་སྟོང་ལས་ལྷག་པ་བརྒལ་ཟིན་ཡོད། བྷེང་ཀོག་ (Bangkok) གི་ལམ་ཟུར་དག་ཏུ་སུས་ཀྱང་ཚོད་དཔག་དཀའ་བའི་ཟས་རིགས་འདྲ་མིན་སྣ་ཚོགས་དང་། པི་ནན་སུ་ལའི་ (Peninsula) མགྲོན་ཁང་དུ་མིག་ལ་མཛེས་ཤིང་ཁ་ལ་ཞིམ་ཡང་རྫས་ངན་འདྲེས་པའི་ཇ་གར་པོ་སོགས་ལ་ལོངས་སུ་སྤྱོད་པའི་ཉམས་མྱོང་དག་ལ་བརྟེན་ནས་བློ་བསྐྱེད་གང་ཐོབ་སོང་སྙམ་ན། ངུ་ཐུབ་པ་ནི་མི་ཚེ་ནང་གི་རིན་ཐང་བྲལ་བའི་ལག་རྟགས་ཤིག་ཡིན་པ་ཤེས་བྱུང།

མིག་ཆུའི་སྣང་བ་ཞིག་ངའི་སེམས་ལ་ཤར་ཙ་ན་དེ་ཉིད་སེམས་ནང་དུ་ལོ་ནས་ལོར་གནས་ཀྱི་འདུག སྒོས་སུ་ཕྲུ་གུ་ཆུང་ཆུང་གི་མིག་ཆུ་དང་དེ་བས་བུ་མོ་ཆུང་ཆུང་དག་གི་མིག་ཆུ་རྣམས་ནི་བཟོད་མི་ཐུབ་པ་ལྟ་བུ་ཞིག་རེད། ཐེངས་གཅིག་ཁ་ལའུ་ཌི་ཡ་ (Claudia) ཡིས་ང་ཨོ་སི་ཋོ་ལི་ཡ (Australia) ཡི་གནམ་ཐང་དུ་སྐྱེལ་སར་འགྲོ་སྐབས་མོའི་བུ་མོ་ས་ཤི་ཀོ (Sachiko) ཟླ་བ་འགའ་ཤས་ལོན་པ་དེ་མོ་ཊའི་རྒྱབ་ཏུ་བཞག་ཡོད། བུ་མོས་ཨ་མའི་དོ་སྣང་རང་གི་ཕྱོགས་སུ་འགུགས་པའི་ཐབས་སུ་ངུ་ཤགས་བརྒྱབ་སོང་། ཡིན་ན་ཡང་ང་ཚོ་བྲེལ་ཚབས་ཅན་གྱི་རྒྱལ་ལམ་དུ་ཡོད་པས་ཅི་ཡང་བྱ་ཐབས་བྲལ། དུས་ད་ལྟའི་བར་ཡང་སྐབས་འགར་གནས་ཚུལ་དེ་དྲན་ལམ་དུ་བྱུང་ནས་སེམས་པ་ལྗིད་ཁོག་ཆེན་པོ་བཟོ་ཡི་འདུག ངའི་རེ་བར་སྐབས་དེར་བུ་མོ་དེའི་སེམས་ལ་གཞན་གྱིས་རང་ལ་ཁ་ཡ་མི་བྱེད་པའི་འཇིགས་སྣང་གིས་ཕོག་ཐུག་མ་ཐེབས་ན་ཅི་མ་རུང་སྙམ་པ་དེ་ཡིན།

བདག་ཉིད་གང་དུ་འཚར་ལོངས་བྱུང་བའི་ཁོར་ཡུག་དང་སྤྱི་ཚོགས་དེར་ནི་རྒྱུན་དུ་ངུ་འབོད་མི་བྱེད་པའི་ཕྲུ་གུ་རྣམས་ལ་མི་རྒན་པ་ཚོས་བསྔགས་བརྗོད་བྱེད་སྲོལ་ཡོད་ལ། ང་ཡང་རྒྱུན་དུ་རང་ཉིད་ངུ་འབོད་མ་བྱས་པ་དང་སྡར་མའི་བྱ་སྤྱོད་མི་ལྡན་པ་ལ་སྤོབས་པ་སྐྱེ་མཁན་ཞིག་ཡིན། ང་སློབ་གྲྭར་བཏང་སྐབས་མཛའ་ཞིང་བརྩེ་བའི་པོ་པོ་དང་རྨོ་མོ་གཉིས་ལས་ཁ་བྲལ་ནས་འགྲོ་དགོས་ཐུག་ཀྱང་ངུས་མྱོང་མེད། དུས་ཡུན་རིང་པོར་མ་ལོན་པར་བསམ་ཡུལ་ལས་འདས་པའི་དུས་ཤིག་ཤར་སྟེ་ནམ་ཞིག་སློབ་གྲྭ་ནས་རང་གི་གྲོགས་པོ་རྣམས་དང་ཁ་བྲལ་བའི་སྐབས་དང་། རང་གི་ཁྱིམ་སྤངས་ནས་འགྲོ་དགོས་བྱུང་བའི་དུས་སུ་དཀའ་ལས་གང་འཚམ་རྒྱགས་དགོས་བྱུང་ཡང་དཀའ་ངལ་དེ་དག་ཁྱད་དུ་བསད་ནས་རང་གི་མིག་ཆུ་བཀག་པ་ཡིན། ཉིན་དེར་ཁོ་བོའི་མ་ཕྱོགས་ཀྱི་པོ་པོ་དང་རྨོ་མོ་སྟེ་ཆུང་དུས་ནས་ང་གསོ་སྐྱོང་གནང་མཁན་ཁོང་རྣམ་གཉིས་ཀྱང་ང་དང་ཁ་བྲལ་ནས་སི་ཀིམ་དུ་ཕེབས་རྒྱུ་རེད་འདུག སྤྱིར་བཏང་ཡུལ་གྱི་གྲུབ་ཆ་ནས་བཤད་ན་འབྲུག་ཤར་ཕྱོགས་ནས་སི་ཀིམ་ (Sikkim) བར་ས་ཐག་རིང་པོ་གང་ཡང་མེད། འོན་ཀྱང་ལོ་ལྔ་ལས་མ་ལོན་པའི་ཕྲུ་གུའི་བློ་ངོ་དང་། སྒོས་སུ་པོ་པོ་དང་རྨོ་མོ་གཉིས་ཀྱང་ཚུར་ལོག་པའི་སྐད་ཆའི་ཟུར་ཙམ་ཡང་མེད་པ་ལ་ལྟོས་ན་ས་ཆ་དེ་ནི་བསམ་ཡུལ་ལས་འདས་པའི་ས་ཐག་རིང་མོ་ཞིག་ཅི་ལ་མིན། མདོར་ན་ས་ཐག་དང་། སའི་མཐོ་དམའ་དང་། དུས་དང། དེ་བཞིན་བལྟ་བ་པོ་སོགས་ཀུན་རྫོབ་ཀྱི་སྣང་བ་དེ་དག་ནི་ཡུལ་ཅན་གྱི་བློ་བྱེ་བྲག་པ་དེ་ལ་ལྟོས་ན་དེ་ལས་ཐག་རིང་བའི་ཡུལ་ཞིག་རྙེད་རྒྱུ་མེད་པ་ལྟ་བུ་ཞིག་རེད།

མི་ཚོས་བལ་ཡུལ་དང་སི་ཀིམ (Sikkim) གྱི་སྐོར་ལ་སྐད་ཆ་བཤད་པ་ཐོས་མྱོང་ཡོད་ཀྱང་ཡུལ་དེ་དག་ཏུ་རང་ཉིད་འགྲོ་བའི་གོ་སྐབས་བྱུང་བའི་བསམ་པའང་མ་བྱུང་། སྐབས་རེ་སྐབས་རེ་ནམ་མཁའ་ནས་གནམ་གྲུ་རེ་འཕུར་བ་མཐོང་དུས་ཕྲུ་གུ་ཚོ་ཚང་ག་ཤིག་ཤིག་བྱས་ནས་ལྟད་མོ་བལྟ་སར་འགྲོ་གི་ཡོད། གནམ་གྲུ་མཁའ་ལམ་ནས་ཡལ་ཟིན་ནའང་ད་དུང་ཡུན་རིང་པོར་གནམ་གྲུ་ནས་ཐོན་པའི་མཁའ་རླུང་སྐྱ་བོའི་ཤུལ་དེ་ལ་ལྟད་མོ་བལྟས་ནས་བསྡད། དེར་མ་ཟད་ཉིན་ནས་ཉིན་དུའང་ང་ཚོ་གནམ་གྲུ་ནང་དུ་འགྲོ་རྒྱུ་རགས་ན་ཅི་འདྲའི་ཚོར་བ་ཡོད་མེད་སྐོར་བཤད། ངས་ནམ་ཡང་རང་ཉིད་གནམ་གྲུའི་ནང་འགྲོ་བའི་དུས་ཤིག་ཤར་འོང་སྙམ་པ་མ་བྱུང་། གང་ཡིན་ཟེར་ན་གནམ་གྲུའི་ནང་འགྲོ་མཁན་ནི་མི་གལ་ཆེན་པོ་དང་རྒྱུ་ཕྱུག་པོ་ཤ་སྟག་ཡིན་དགོས་པ་བསམ་གྱི་ཡོད། དུས་ཤིག་ཁྱིམ་ཚང་དུ་སྤུན་མཆེད་ཅིག་སླེབས་ཏེ་ཁོང་གནམ་གྲུ་ནང་འཕུར་ནས་ཡོང་རབས་བཤད་བྱུང་། ཁོས་རང་གི་ཉམས་མྱོང་དེ་མི་ཚང་རྣམས་འཛོམས་ནས་དགོང་མོ་ཁ་ལག་བཟའ་སར་བསྒྲགས་སོང་ལ། ང་ཚོ་ཕྲུ་གུ་ཙམ་མིན་པར་རྒན་པ་ཚོའང་ཡ་མཚན་སྐྱེས། ཁོང་གིས་ཉིན་གཅིག་ཙམ་མིན་པར་ཉིན་མང་པོའི་རིང་རང་ཉིད་གནམ་གྲུ་ནང་ལ་འགྲོ་བའི་ཉམས་མྱོང་དེ་མུ་མཐུད་ནས་བཤད་སོང་།

ནམ་ཞིག་ང་ལའང་ས་ཐག་རིང་བའི་སི་ཀིམ་ཞེས་པའི་ས་ཆ་དེར་འགྲོ་བའི་དུས་སྐབས་བྱུང་བ་ན་རྨོ་མོས་རང་གི་མིག་ཆུ་བཀག་མ་ཐུབ་པར་ངུས་སོང་། པོ་པོ་ལགས་ཀྱིས་ཁོ་མོ་ལ་སེམས་ཚོར་འདི་ལྟ་བུ་སྟོན་པ་ནི་བཀྲ་མི་ཤིས་པ་རེད་ཟེར་ནས་བཀའ་བཀྱོན་བཏང་བ་དྲན་གྱི་འདུག མི་རྒན་པ་ཞིག་ངུ་བ་མཐོང་བ་ལ་བརྟེན་ནས་ངའི་སེམས་ནང་བག་ཆགས་ཆེན་པོ་ཞིག་བཞག་བྱུང་། སྒོས་སུ་རང་གི་གུས་བཀུར་བྱེད་པའི་རྨོ་མོ་ཁོང་བཤུམ་དུས་སེམས་ནང་ཚོར་བ་དམིགས་བསལ་ཞིག་སྐྱེས། རྨོ་མོ་ལགས་དང་འབྲེལ་བའི་དྲན་པ་རྣམས་ཀྱི་ནང་ནས་དྲན་པ་འདི་ནི་གསལ་ཤོས་ཤིག་རེད།

དུས་ཚོད་གང་འཚམ་སོང་རྗེས་རང་གི་གུས་བཀུར་བྱེད་པའི་མི་སྣ་དང་སྐྱེས་བུ་གཞན་དག་ངུ་བའི་རྒྱུ་མཚན་ནི་སེམས་པ་སྐྱོ་བ་དང་། འཇིགས་སྣང་གཅིག་པུས་མིན་པར་རྒྱུ་མཚན་གཞན་ཡང་མང་པོ་ཡོད་པ་ཤེས་རྟོགས་བྱུང།

dudjom

སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཐོག་མར་མཇལ་སྐབས་ སྐད་སྒམ་ནས་བསྒྲགས་པའི་སྒྲའི་ཆ་ཤས་འགའ་ཐོས་པའི་དྲན་པ་རབ་རིབ་ཙམ་ད་ལྟའང་ཡོད། དེ་དུས་བདག་ལོ་གཅིག་ཡང་ལོན་མེད། ཕ་མས་བདག་གི་ཕ་ཕྱོགས་ཀྱི་མེས་པོ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་རྡོ་རྗེ་གླིང་ (Darjeeling) དུ་བཀའ་འགྱུར་ལྗགས་ལུང་གནང་སར་ཁྲིད་འདུག བཀའ་འགྱུར་ལྗགས་ལུང་གནང་བ་ལ་དཔེ་ཆ་ཤོག་གྲངས་བདུན་སྟོང་ལྷག་འདོན་དགོས་ཤིང་། དེ་དག་འདོན་རྒྱུར་ཟླ་བ་མང་པོ་ཐོགས་ཀྱི་ཡོད། གཅིག་བྱས་ན་བོད་པ་ཚོས་བཞག་པའི་བྱས་རྗེས་ཆེ་ཤོས་ནི་བཀའ་འགྱུར་བོད་ཀྱི་སྐད་ཡིག་ཐོག་ཏུ་བསྒྱུར་ནས་མི་ཉམས་རྒྱུན་འཛིན་གྱིས་ད་བར་མུ་མཐུད་ཅིང་གཅིག་ནས་གཅིག་ལ་བརྒྱུད་དེ་བསླབས་པ་དེ་རེད། ང་ཆུང་ཆུང་ཡིན་ན་ཡང་བཀའ་འགྱུར་ལྗགས་ལུང་ཉན་སར་ཁྲིད་དགོས་པ་ནི་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གི་བཀའ་དགོངས་ཡིན་པར་ཐོས། དེ་དུས་ལུང་གི་ཆ་ཤས་འགའ་ཞིག་ཉན་པ་ལྟ་བུ་མིན་པར་ལུང་ཡོངས་རྫོགས་ཀྱི་སྐབས་སུ་ངའི་ཨ་མ་ལ་ང་ཡུད་ཙམ་ཡང་གཉིད་ཁུག་ཏུ་མི་བཅུག་པའི་བཀའ་ནན་པོ་གནང་འདུག གལ་ཏེ་ང་གཉིད་ཁུག་གྲབས་བྱས་ན་ཁོང་གིས་ལྗགས་ལུང་མཚམས་བཞག་སྟེ་གཉིད་མ་ཁུག་པའི་ཆེད་དུ་རྔན་པ་སོགས་སྤྲོད་ཀྱི་ཡོད་པའང་བཤད་སོང་། ལོ་མང་པོའི་རྗེས་སུ་མི་མང་པོ་ཞིག་གིས་རྒྱུ་མཚན་དེ་ལ་བརྟེན་ནས་ང་ལ་བཀའ་འགྱུར་ལུང་འདོན་རྒྱུའི་རེ་སྐུལ་གནང་སོང་། རེ་བ་གནང་བ་ཇི་བཞིན་ངས་རྒྱ་གར་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་བཀའ་འགྱུར་ལྗགས་ལུང་འདོན་པ་ཡིན་ལ་དེས་ངའི་མིག་གཏན་དུ་འཕྲོ་བརླག་བཏང་སོང་།

སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཡང་ལུང་གི་ཆ་ཤས་ཤིག་གསན་སར་ཕེབས་པས། དེ་སྐབས་ངས་ཁོང་ཐེངས་དང་པོ་མཇལ་སོང་། བདག་ལ་དྲན་པ་དམིགས་བསལ་ཞིག་ཡོད་པ་ནི་དེ་དུས་ཁྲི་ཐོག་ན་བཞུགས་པའི་བླ་མ་དེ་ལ་དོ་སྣང་ཁྱད་པར་ཅན་ཞིག་བྱུང་བ་དེ་རེད། བླ་མ་དེ་རང་གི་པོ་པོ་བདུད་འཇོམས་རིན་པོ་ཆེ་མིན་པར་གསལ་པོ་དྲན་གྱི་འདུག བླ་མ་དེའི་སྐུ་མདུན་དུ་འགྲོ་རྒྱུའི་ཨུ་ཚུགས་ཀྱང་བརྒྱབ་པ་ཡིན། དེ་ལྟར་བྱུང་བ་ཕྱིས་སུ་ངའི་ཨ་ནེ་ལགས་ཀྱིས་ཀྱང་ཁོ་བོ་བྱིས་པ་ཆུང་ཆུང་ཞིག་ལས་མིན་ཀྱང་སྐྱབས་རྗེ་དིལ་མགོ་མཁྱིན་བརྩེ་རིན་པོ་ཆེ་ལ་ཧ་ཅང་གི་དོ་སྣང་ཆེན་པོ་བྱས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

 

khandroསྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཐེངས་གཉིས་པ་ཇི་ལྟར་མཇལ་བ་ང་རང་གིས་གསལ་པོ་དྲན་གྱི་འདུག པོ་པོའི་ནང་ནས་འཐོན་སྟེ་སྒང་ཏོག (Gangtok) མཁྱེན་བརྩེ་བླ་བྲང་ངམ་གཙུག་ལག་ཁང་དུ་འགྲོ་བའི་སྐབས་ང་ལོ་ལྔ་ཡིན།  གནས་དེ་ནི་བདག་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་ཁྲི་སྟོན་བྱེད་ས་དང་།  བདག་གི་འབྱུང་འགྱུར་ལོ་མང་པོ་ཞིག་གི་སྡོད་གནས་སུ་འཆར་བཀོད་བྱས་པ་ཞིག་རེད། བླ་བྲང་བཞེངས་སའི་ས་ཆ་དེ་ཡང་ཕྱི་ལོ་ ༡༩༥༠ ང་གྲངས་ཀྱི་མཇུག་ཏུ་སྐྱབས་རྗེ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་སི་ཀིམ་གྱི་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་དང་རྒྱལ་སྲས་དཔལ་ལྡན་དོན་གྲུབ་རྣམ་རྒྱལ་གྱིས་ཕུལ་བ་རེད། དུས་དེ་ནས་བཟུང་མཁའ་འགྲོ་ཚེ་རིང་ཆོས་སྒྲོན་གཙུག་ལག་ཁང་དེར་བཞུགས།

ང་ཚོ་འབྲུག་ནས་མ་ཧིན་དྷ་ར་ཇིབ་ (Mahindra Jeep) རྙིང་པ་ཞིག་གི་ནང་འགྲུལ་བཞུད་བྱས་པ་ཡིན། རང་ལ་གོམས་འདྲིས་ཆགས་པའི་འདས་པའི་མི་ཚེ་དེ་དོར་ནས་དེ་དང་་ཁ་བྲལ་ནས་འགྲོ་སྐབས་ཀྱང་མིག་ཆུ་མ་བཏང་བས་རང་ཉིད་སྐྱེས་པ་ཕོ་ཡིན་པར་སྤོབས་པ་སྐྱེས་བྱུང་། ང་ཚོ་སིང་ཏམ་ (Singtam) ཞེས་པའི་བཞི་མདོར་སླེབས་པ་ན་མི་མང་པོ་ཞིག་ང་ཚོར་སྣེ་ལེན་བྱེད་སར་འཛོམས་འདུག ངའི་ཞབས་ཞུ་བ་དང་མོ་ཊའི་ཁ་ལོ་བ་གཉིས་འཚབ་འཚུབ་ཆགས་ནས་ཅི་བྱ་གཏོལ་མེད་དུ་གྱུར་ཏེ། མོ་ཊའི་སྒེའུ་ཁུང་གི་ཤེལ་ཡར་རྒྱབ་བཞིན་པ་ན་ཁ་ཅིག་གིས་ “སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཁྱེད་རང་གདན་འདྲེན་ཞུ་སར་ཕེབས་ཡོད་” ཅེས་བཤད། ལམ་གྱི་གཡས་གཡོན་དུ་མི་ཚོགས་མང་པོའི་ལག་ཏུ་ཁ་དར་ཐོགས་ནས་བསྡད་འདུག་པས་ཁ་ལོ་བས་མོ་ཊ་དལ་བུར་བཏང་། རིན་པོ་ཆེ་ཡང་བསང་གི་དུ་བའི་སྤྲིན་ཕུང་གིས་འཁྲིགས་པའི་ཉེ་འགྲམ་ན་བཞེངས་ནས་བཞུགས་པ་མཇལ། ཁོང་སྐུ་གཟུགས་ཧ་ཅང་རིང་པོ་ཡོད་ཀྱང་སྐུ་ཤ་རན་ཙམ་ཞིག་ལས་ཕྱིས་སུ་སྐུ་ཤ་རྒྱགས་པ་དང་ཞེང་ཁ་ཆེན་པོ་ཆགས་པ་ལྟར་མིན་འདུག ཁོང་གིས་ན་བཟའ་ཡང་ཧ་ཅང་ཡག་པོ་ཞིག་གནབས་འདུག ངས་གོ་ཐོས་ལ་རྒྱུན་དུ་ཁོང་གིས་ན་བཟའ་རྒྱས་སྤྲོས་དེ་འདྲ་མནབས་པ་སུས་ཀྱང་མཐོང་མྱོང་མེད་པ་དང་། ཁ་ཅིག་ལྟར་ན་ཁོང་གིས་ན་བཟའ་དེ་གཞན་ལས་གཡར་ཚུལ་ཡང་བཤད་ཀྱི་འདུག གང་ཡིན་ཞེ་ན་དེ་སྐབས་ཁོང་མཐུན་རྐྱེན་ཧ་ཅང་སྐྱོ་བའི་སྒང་རེད།

 

greeting

ང་བྱིས་པ་ཞིག་ཡིན་ན་ཡང་ཁོང་གིས་ཧ་ཅང་གུས་ཞབས་ཆེན་པོ་གནང། ལམ་བར་དེར་ཁ་ཆེ་གུར་གུམ་འདྲེས་པའི་འབྲས་སིལ་དང་གསོལ་ཇ་བསྐྱལ་རྗེས་སྒང་ཏོག་ (Gangtok) ཏུ་འཐོན། དེ་ནས་ང་སྔར་གྱི་ཐལ་བས་ཁེངས་པའི་མོ་ཊ་ལས་ཕྱིར་བཏོན་ཏེ་ཡུ་རོབ་ (Europe) ནས་ཐོན་པའི་མཛེས་ཤིང་ཡིད་དུ་འོང་བའི་སི་དྷན་ (Sedan) དཀར་པོ་ཞིག་གི་ནང་དུ་ཁྲིད་སོང་། འདི་ནི་ངའི་མི་ཚེ་ནང་ཡུ་རོབ་ནས་ཐོན་པའི་མོ་ཊར་བཞོན་པ་ཐེངས་དང་པོ་ཡིན། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཁོང་མོ་ཊའི་ནང་དུ་དང་པོ་བཞུགས་ནས་ང་ཁོང་གི་པང་ཐོག་ཏུ་བཞག་པས།

ང་ཁོང་གི་པང་དུ་སྡོད་པ་དང་ཁོང་བཤུམ་རྒྱུ་འགོ་བཙུགས། ཧ་ཅང་སྟོབས་ཆེ་ལ་ཚང་མས་གུས་ཤིང་བཀུར་བའི་མི་ཆེན་པོ་འདི་ཉིད་ཆུ་ཚོད་གཉིས་ཙམ་རིང་བྱིས་པ་ནང་བཞིན་སྤྱན་ནས་སྤྱན་ཆབ་བསིལ་ནས་ལམ་བར་ཡོངས་རྫོགས་བཤུམ་སོང་། ལོ་མང་རྗེས་སུ་གོ་ཐོས་ལ་སིང་ཏམ་ (Singtam) གྱི་བཞི་མདོ་རུ་ཁོང་གིས་ང་གཟིགས་པ་ནས་བཟུང་གཙུག་ལག་ཁང་དུ་མ་སླེབས་བར་ཁོང་ལ་སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་དངོས་སུ་མཇལ་ཕྲད་བྱུང་བ་དང་ཁྱད་པར་གཏན་ནས་མེད་པའི་དགའ་སྤྲོ་ལྡན་པའི་ཚོར་སྣང་དམིགས་བསལ་བ་ཞིག་བྱུང་བས་རང་གི་སྤྱན་ཆབ་བཀག་ཐུབ་མེད་རབས་སྐོར་ཐོས་སོང་།

དུས་ཡུན་ཧ་ཅང་མི་རིང་བའི་རྗེས་སུ་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནས་སི་ཀིམ་ (Sikkim) གྱི་ནུབ་ཕྱོགས་བཀྲ་ཤིས་ལྡིང་དུ་བླ་མ་དགོངས་བསྡུས་འཁོར་ལོའི་དབང་དང་ཁྲིད་རྩ་ཆེན་དུ་མ་གནང་རྒྱུ་འགོ་བཙུགས། ཡང་བསྐྱར་བཀའ་ཆོས་གནང་བཞིན་པའི་བར་དུ་བླ་མ་ཁོང་གསུང་སྒྲ་ཆེན་པོ་དང་བཅས་བཤུམ་རྒྱུ་འགོ་བཙུགས། དམ་པ་ཁོང་གིས་རང་གི་ཞབས་ཕྱི་བཤད་སྒྲུབ་སྐད་བཏང་བ་ན་ཁོང་ཡང་མིག་ལ་མིག་ཆུ་དང་བཅས་སླེབས། བཤད་སྒྲུབ་ཀྱིས་ལག་ཏུ་ཁ་དར་རིང་པོ་ཞིག་འཁྱེར་ནས་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལ་ཕུལ་བས། རིན་པོ་ཆེས་ཁ་དར་རིང་པོ་དེ་ལེན་ནས་ངའི་མཇིང་པར་གཡོགས་བྱུང་།

རྒྱུན་དུ་རིན་པོ་ཆེ་ནི་རི་རྒྱལ་ལྷུན་པོ་བཞིན་དུ་ཅིས་ཀྱང་འགུལ་མི་ནུས་ཤིང་། གང་གིས་ཀྱང་ཐུགས་གཡོ་བར་མི་ནུས་པ་ཞིག་སྟེ། སུས་ཀྱང་དམ་པ་ཁོང་བཤུམ་འོངས་སྙམ་པ་གཏན་ནས་མེད། ཁོང་གི་སྐུ་གཟུགས་ཀྱང་ཕི་ཊི་ (feet) དྲུག་དང་ཕྱེད་ཡོད་ལ། སྐུ་གཟུགས་ཀྱི་རུས་པ་དང་ཁྲག་ནི་བོད་ཤར་ཕྱོགས་ཀྱི་དཔའ་སྟོབས་ལྡན་པའི་ཁམས་པའི་བརྒྱུད་པ་རེད། ཁོང་གི་པོ་པོ་སྔོན་སྡེ་དགེ་རྒྱལ་པོའི་བློན་པོ་རེད། པོ་པོ་རང་གི་དཔའ་བློ་ཁོག་དང་གཟི་བརྗིད་དེ་རང་གི་བུད་རྒྱུད་རྣམས་ལའང་འཇགས་པར་བྱས་ཡོད། མདོར་ན་ཁོང་ནི་གཟི་བརྗིད་ཀྱི་རང་བཞིན་ལྡན་པ་ཞིག་རེད།  དེས་ན་རིན་པོ་ཆེ་ཁོང་གི་ཁྱད་ཆོས་རྣམས་བརྗོད་ན་རྫོགས་རྒྱུ་མེད། འོན་ཀྱང་རིན་པོ་ཆེ་ཁོང་བཤུམ་པའི་སྐབས་གཞན་ཡང་དྲན་ལམ་ན་ཡོད། སྐབས་འགར་ངུ་འབོད་ཀྱི་གསུང་སྒྲ་ཆེན་པོ་དང་བཅས་བཤུམ་མོད། དེ་ལྟར་ཡང་ཁོང་ནི་ངའི་བསམ་ཡུལ་ལས་འདས་པའི་དགའ་བདེ་སྤེལ་བའི་ནུས་པ་ཁྱད་པར་ཅན་དང་ལྡན་པའི་སྐྱེས་བུ་ཞིག་ཡིན།

ཁོ་བོ་ཅུང་ནར་སོན་པ་ན་རིན་པོ་ཆེས་འུ་ཅག་སྤྲུལ་སྐུ་ཁྱུ་ཚོགས་ཤིག་བོད་དུ་ཁྲིད། ང་ཚོ་དང་ལྷན་དུ་རབ་འབྱམས་རིན་པོ་ཆེ་དང་། སྤྲུལ་སྐུ་པད་མ་སོགས་སྤྲུལ་སྐུ་དུ་མ་ཡོད། ང་ཚོ་དགོན་ཆེན་དགོན་སྟེ་སྡེ་དགེ་དགོན་ཆེན་ཞེས་ཀྱང་གྲགས་པ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་བཞེངས་པའི་ས་སྐྱའི་དགོན་པ་དེར་གནས་སྡོད་བྱས། རྒྱ་དམར་གྱིས་བོད་དབང་བསྒྱུར་བྱས་ནས་དགོན་པ་གཏོར་བཤིག་བཏང་བའི་རྗེས་སུ་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་བོད་དུ་ཕེབས་པ་ཐེངས་གཉིས་པ་དེ་རེད། རྒྱ་དམར་གཞུང་གིས་ཆོས་དད་རང་དབང་གི་སྲིད་ཇུས་གུ་ཡངས་སུ་བཏང་ཡོད་ཀྱང་དགོན་པ་ཕལ་ཆེ་བ་རྩ་གཏོར་དུ་སོང་ནས་འདུག ང་ཚོ་ཕར་འབྱོར་དུས་བོད་མི་མང་པོ་མཇལ་ཁ་བཅར་སར་སླེབས།

ཉིན་ཞིག་གོས་དཀྱུས་མ་ཞིག་གོན་པའི་མི་ཞིག་གིས་རས་ཁུག་རྙིང་པ་ཞིག་གི་ནང་ནས་འཇམ་དཔལ་དབྱངས་ཀྱི་སྐུ་འདྲ་ཨིན་ཅི་ (inch) གཉིས་ཅན་ཞིག་བསྟན་ནས་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལ་ཕུལ་བྱུང་། སྐུ་འདྲ་དེ་ཕར་བལྟས་ན་དཀྱུས་མ་ལྟར་དུ་སྣང་ཡང་རིན་པོ་ཆེ་ཁོང་གིས་དེ་མ་ཐག་ཏུ་སྐུ་འདྲ་དེ་མི་ཕམ་རིན་པོ་ཆེའི་སྒོམ་གྱི་དམིགས་རྟེན་ཡིན་པ་གསུངས། སྐུ་འདྲ་དེ་ཕྱག་ཏུ་འབྱོར་བ་དང་ཁོང་བཤུམ་རྒྱུ་དབུ་བཙུགས། ང་ཚོ་ཚང་མ་ཅི་ཡང་བྱེད་མི་ཤེས་པར་ཁུ་སིམ་མེར་བསྡད་པ་ཡིན། དུས་དེ་ནི་ཟད་མཐའ་བྲལ་བ་ལྟ་བུ་གྱུར་ཏེ་ཡུན་རིང་པོ་ཞེ་དྲགས་ཚོར། ཁོང་གི་མཛད་སྤྱོད་ལ་གཞིགས་ན་མི་ཞིག་གིས་ཁོང་ལ་འཇམ་དཔལ་དབྱངས་ངོ་མ་ཕུལ་བ་བཞིན་གནང་སོང་། རིན་པོ་ཆེ་ཁོང་གིས་ངོས་ནས་བཤད་ན་འཇམ་དཔལ་དབྱངས་དངོས་སུ་མཇལ་བ་དང་གཉིས་སུ་མེད་པ་གོར་མ་ཆགས།

རིན་པོ་ཆེས་སྐུ་འདྲ་དེ་ཡང་ཡང་ཕྱག་ཏུ་བླངས་ཤིང་ཅོག་ཙེའི་སྟེང་དུ་རེ་རེ་བཞག་ནས་དེ་ལ་གཟིགས་པ་དང་། དེ་ནས་ཁོང་སྤྱན་ཆབ་དུ་མ་དང་བཅས་བཤུམ། དེར་མ་ཟད་ཁོང་གིས་ཤིན་ཏུ་སྤྲོ་སྣང་དང་བཅས་སྐུ་འདྲ་དེ་རང་གི་དབུ་དང་སྙིང་གའི་ཐོག་ཏུ་ཡང་ཡང་བཞག་པ་དང་། རིན་པོ་ཆེས་སྐུ་འདྲ་དེ་མཇལ་ནས་ཐུགས་ཤིན་ཏུ་མཉེས་འདུག སྐུ་འདྲ་ཕུལ་མཁན་མི་དེས་དངུལ་དགོས་པའི་སྐད་ཆ་གང་ཡང་མ་བཤད་ཀྱང་། རིན་པོ་ཆེས་སྤྲུལ་སྐུ་པདྨ་ལ་མངགས་ནས་མི་དེ་ལ་དངུལ་འབོར་ཆེན་པོ་ཞིག་གནང།

སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་རྗེས་འཇུག་ཅིག་ཡིན་པའི་ཆ་ནས་ང་ཚོར་ཡང་རྗེ་མི་ཕམ་རིན་པོ་ཆེ་དང་འཇམ་དཔལ་དབྱངས་ལ་དད་པ་ཡོད་མོད། ང་ཚོའི་དད་པ་ནི་ཤིན་ཏུ་ཕལ་པ་ཞིག་སྟེ། ང་ཚོའི་གུས་བརྩི་ནི་གུས་བརྩི་ཞུ་དགོས་རེད་སྙམ་ནས་ཞུ་བ་ཙམ་རེད། རིན་པོ་ཆེ་ལ་མངའ་བའི་དགའ་དད་ང་ཚོས་མཇལ་རྒྱུ་བྱུང་བ་ནི་རང་གིས་དངོས་སུ་མྱོང་རྒྱུ་ལྟ་ཞོགས་ནམ་ཡང་མཇལ་དཀའ་བ་ཞིག་ཡིན། དེ་སྐབས་ང་ཧང་སང་སོང་། དེ་ལྟ་བུའི་གནས་སྟངས་ང་ཚོའི་མི་ཚེ་ནང་ཡང་ཡང་མཇལ་བར་དཀའ། དཔའ་ཞིང་ཤིན་ཏུ་བརྗིད་ཆགས་པའི་སྐྱེས་བུ་ཞིག་ཀྱང་བྱིས་པ་བཞིན་དུ་བཤུམ་པ་མཇལ་བ་ནི་སྙིང་སྟོབས་ཀྱི་ནུས་པ་མིའི་གཟུགས་སུ་མཇལ་བ་ཅི་ལ་མིན་པ་ད་གཟོད་ཤེས་རྟོགས་བྱུང་།

གཅིག་བྱས་ན་རང་ཉིད་རྨོངས་པར་གྱུར་པ་ལས་ཡིན་སྲིད། གང་ལྟར་རིན་པོ་ཆེའི་མཛད་སྤྱོད་དེ་དག་མཇལ་ནས་ཁོ་བོ་ཅི་བྱར་མི་ཤེས་པར་གྱུར་པས། ལུས་གུས་པ་དང་བཅས་སྐུ་འདྲ་དེའི་མདུན་དུ་མཆོད་མེ་འབུམ་ཕྲག་གཅིག་དབུལ་རྒྱུའི་དམ་བཅའ་བྱས་པ་ཡིན། རིན་པོ་ཆེ་ནས་དེ་མ་ཐག་ཏུ་ “འཇམ་དཔལ་དབྱངས་ཀྱི་བྱིན་རླབས་ཀྱིས་ཁྱེད་རང་མཁས་པ་ཆགས་ཀྱི་རེད་” ཅེས་གསུངས།

ལོ་མང་པོ་སོང་ཡང་ལེ་ལོ་དང་རྣམ་གཡེང་གི་དབང་དུ་སོང་ནས་རིན་པོ་ཆེ་ཞལ་བཞུགས་པའི་དུས་སུ་མཆོད་མེ་ཕུལ་ཐུབ་མ་སོང་། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཁོང་ཕྱི་ལོ་ ༡༩༩༡ ལོར་དགོངས་པ་རྫོགས་པ་རེད། ད་ལྟའི་ཡང་སྲིད་རིན་པོ་ཆེ་ཁྲི་སྟོན་སྐབས་སུ་རབ་འབྱམས་རིན་པོ་ཆེ་ནས་ཡང་སྲིད་རིན་པོ་ཆེའི་ཆེད་དུ་སྐྱབས་རྗེ་བདེ་བར་གཤེགས་པ་ཁོང་གི་བཀའ་འབུམ་གྱི་ལྗགས་ལུང་འདོན་རོགས་གསུངས་སོང་། དེའི་སྟེང་དུ་འཇམ་དཔལ་དབྱངས་ལ་བསྟོད་པ་དང་མཆོད་པ་མཚོན་བྱེད་དུ་རིན་པོ་ཆེ་ཁོང་གི་ཞལ་འདོན་ཡང་ལུང་གི་ཚུལ་དུ་འདོན་པ་ཡིན། ཁོང་གི་བཀའ་འབུམ་གྱི་འཇུག་བྱང་གི་ཟིན་བྲིས་ཀློག་བཞིན་པའི་སྐབས་ཟིན་བྲིས་ཤིག་གི་ནང་དུ་ “ཡང་སྲིད་རིན་པོ་ཆེ་ནས་ (སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་ནས་ང་ལ་ཡང་སྲིད་རིན་པོ་ཆེ་ཞེས་འབོད) འཇམ་དཔལ་དབྱངས་ཀྱི་སྐུ་འདྲ་ལ་མཆོད་མེ་འབུམ་ཕྲག་གཅིག་དབུལ་རྒྱུའི་དམ་བཅའ་གནང་བ་དེས་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་འགྱུར།” ཞེས་ཟིན་བྲིས་དེ་སྐད་སྒྲ་དང་བཅས་སྐད་སྒམ་ནང་དུ་འདོན་བཞིན་པའི་སྐབས་ངུ་བའི་རྐྱེན་དུ་མ་ཞིག་འཛོམས་པས། སེམས་ཚོར་ཤིན་ཏུ་དྲག་པོ་ཞིག་སྐྱེས་ནས་རང་བཞིན་གྱིས་མིག་ནང་མཆི་མ་འཁོར། འོན་ཀྱང་མི་མང་གི་མིག་སྔར་མིག་ཆུ་བཏང་མ་ཕོད་པས་སྣབས་ཕྱིས་པ་དང་གློ་རྒྱབ་ཀྱི་ཡོད་ཁུལ་བྱས་པ་ཡིན། གདུང་བའི་ཚོར་བ་དེ་ལ་ངའི་ལྷན་སྐྱེས་ཀྱི་ཡ་ལན་ནི་རང་གི་ཚོར་སྣང་གཞན་ལས་སྦས་རྒྱུ་དེ་རེད།

ལྗགས་ལུང་བཏོན་ཚར་བའི་རྗེས་དེ་མ་ཐག་ཏུ་བོད་ནས་མཆོད་མེ་འབུམ་ཕྲག་གཅིག་ལ་འདང་ངེས་པའི་མར་མངགས་ཉོ་བྱས་པ་ཡིན། དུས་དེ་ནས་བཟུང་ད་བར་དུས་ཚོད་གང་བྱུང་ལ་བལ་ཡུལ་ཞེ་ཆེན་དགོན་པར་ཡོད་པའི་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་ནང་དུ་བཞུགས་པའི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་འདྲ་དེ་ཉིད་ཀྱི་དྲུང་དུ་མཎྜལ་འབུམ་དང་མཆོད་མེ་འབུམ་ཚར་ཅི་བྱུང་འབུལ་བཞིན་ཡོད།

སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་ཡང་སྲིད་ལོ་མང་པོ་སྔོན་ནས་ངོས་འཛིན་གནང་། ཁོ་བོས་ཀྱང་ཁོང་ལ་རིན་པོ་ཆེ་མཆོག་ནས་ངོས་རང་ཆུང་དུས་སྐབས་གཟིགས་སྣང་གང་འདྲ་མཛད་པ་བཞིན་དུ་མཇལ་རྒྱུའི་རེ་འདོད་ཡོད། སྐྱེས་ཆེན་དམ་པ་ཞིག་གིས་ཅ་དངོས་ཆུང་ཆུང་ཞིག་དང་བྱིས་པ་ཞིག་གཟིགས་ནས་ཚད་མེད་པའི་དགའ་བ་སྐྱེས་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད།

for obama

0 Comments

Submit a Comment

Your email address will not be published. Required fields are marked *