འཁོར་བ་པ་ཞིག་ཡིན་པའི་ཆ་ནས་ང་ཚོས་ཟས་རིགས་མི་འདྲ་བ་མང་པོ་ཟ་ཞིང་། དྲི་སྣ་ཚོགས་སྣོམ་ལ། དེ་བཞིན་སྐྱེས་བུ་འདྲ་མིན་དང་ལྷན་དུ་འཁྲིག་སྤྱོད་ལ་རོལ་ཀྱང་། དོན་ངོ་མར་ངེད་ཅག་གི་ལས་དེ་དག་ལ་བརྟེན་ནས་ས་བོན་ཅི་འདྲ་ཞིག་བཏབ་ཀྱི་ཡོད་པ་གཏན་ནས་ཤེས་ཐབས་བྲལ། ཤེས་རྟོགས་ཡོད་པ་དང་མེད་པ་ཅི་རིགས་ཀྱི་སྒོ་ནས་ང་ཚོས་རྒྱུན་དུ་འཛམ་གླིང་འདིར་འཕོ་འགྱུར་ཞིག་དང་། བྱས་རྗེས། དེ་བཞིན་རྗེས་ཤུལ་ཞིག་འཇོག་པ་ལ་བརྩོན་བཞིན་ཡོད།
དུས་ཡུན་རིང་མོ་ཞིག་གི་གོང་དུ་ཀུར་སྟོད་ (Kurtoed) ཅེས་པའི་ས་ཆར་བུད་མེད་ཅིག་སྡུག་བསྔལ་གྱིས་གདུང་བའི་ནང་མི་ཞིག་དང་ཐུག་འཕྲད་བྱས་ནས་རང་གི་ནང་ལ་ལོག་བཞིན་པའི་སྐབས། ལམ་བར་དུ་སྨྱུག་ཟམ་ཞིག་རྒལ་བཞིན་པ་ན། བགྲོད་ལམ་གྱི་ཟམ་པ་དེ་ཁོ་མོའི་འོག་ཏུ་བརྡིབ་སྟེ། མོ་རྒྱུག་ཆུའི་ནང་དུ་ལྷུང་ནས་ཆུས་འཁྱེར་བས་དེ་ནས་བཟུང་སུས་ཀྱང་མ་མཐོང་། རྐྱེན་ངན་དེ་བྱུང་སྟེ་ཡུན་རིང་མ་ལོན་པའི་དུས་ཤིག་ལ། མོའི་ཁྱོ་ག་ཤིང་ཏོག་སྡོང་པོ་ཞིག་གི་སྟེང་ན་ཤིང་འབྲས་ཨ་བ་ཁ་གྲོ་ (avocado) འཐུ་བཞིན་པའི་སྐབས་ཤིང་གི་ཡལ་ག་དེ་ལས་མར་ཟག་ནས་རང་གི་ཕྲུ་གུ་ལྔ་དྭ་ཕྲུག་གི་ངོ་བོར་རྒྱབ་ཏུ་བསྐྱུར་ནས་འདས་གྲོངས་སུ་ཕྱིན། ཤིང་སྡོང་ལས་ཟག་པའི་མི་དེས་རང་གི་མི་ཚེ་གང་པོར་ཚིག་ཇ་ཁམ་གང་ཡང་འཐུང་མ་མྱོང་ལ། ཁོས་མུ་ར་ཀ་མི་ (Murakami) ཞེས་པའི་དེབ་ནམ་ཡང་བཀླགས་མྱོང་མེད། དེ་བཞིན་ཁོང་གི་སྐྱེས་དམན་གྱིས་ཌོན་ཇི་བ་ནི (Don Giovanni) [1] ནམ་ཡང་བལྟས་མྱོང་མེད། ཁོང་རྣམས་ཀྱིས་ཅང་མི་ཤེས་པའི་གནས་ཚུལ་གཞན་ཡང་། ཚིག་ཇ་ལ་ཤིན་ཏུ་དགའ་ཞེན་ཆེ་ཞིང། མུ་ར་ཀ་མི (Murakami) ཞེས་པའི་དེབ་བཀླགས་ཟིན་ལ། དེ་བཞིན་ཌོན་ཇི་བ་ནི་ (Don Giovanni) ལན་མང་བལྟས་པའི་རང་གི་ཡང་ཚའི་བྱེད་པ་པོར་གྱུར་པ་དེ་ཡིན། བུད་མེད་དེ་དང་ཁྱོ་ག་དེ་གཉིས་ངའི་པོ་པོ་ལགས་ཀྱི་མེས་པོ་དང་མེས་མོ་རེད།
ངག་དབང་སྒྲོལ་མ་ཞེས་འབོད་པའི་བུད་མེད་ཅིག་གིས་དྭ་ཕྲུག་རྣམས་ཀྱི་འགན་བཞེས་ནས། དེ་དག་ལས་བསོད་ནམས་སྒྲོལ་མ་སྟེ་ཁོ་བོའི་ཡང་མ་འབྲུག་རྒྱལ་དང་པོ་ལ་ཕུལ། འབྲུག་ལ་དེང་གི་དུས་སུའང་དྭ་ཕྲུག་རྣམས་ཚོགས་སྡེ་ཁག་ལ་སྤྲོད་སྲོལ་ཡོད་པས། མཐར་དྭ་ཕྲུག་ཕལ་ཆེ་བ་དགོན་པར་སླེབས་ཀྱང་ཁོང་ཚོ་རྒྱལ་པོའི་ནང་འཁོར་གྱི་ཕྱག་ལས་གནང་མཁན་དུ་གྱུར།
ངག་དབང་སྒྲོལ་མ་ནི་དབྱིན་ཡིག་གི་སྔ་རབས་ཀྱི་རྩོམ་སྒྲུང་གྲགས་ཅན་ནང་གི་གནད་གལ་ཆེ་བའི་འཁྲབ་སྟོན་པ་སྟེ། དགོས་གལ་ཆེ་བའི་གནས་དོན་གང་ཞིག་ལ་ཤིན་ཏུ་མཁས་ལ་མེད་དུ་མི་རུང་བར་གྱུར་པའི་བུད་མེད་ཅིག་དང་ཀུན་ནས་མཚུངས་པའི་མངའ་ཐང་ཆེ་བའི་ཁྲོམ་སྡེའི་[2]ཨ་བཞེས་ཞིག་གོ །སྐྱེས་བུ་གང་ཞིག་གིས་འབྲུག་གི་ཁྱིམ་བརྒྱུད་ཀྱི་འཕེལ་རིམ་ལོ་རྒྱུས་ཤིག་བྲིས་ན་ཅི་ནས་ཀྱང་འབྲི་འོས་པ་ཞིག་ཡོད། ཁོ་མོ་ལ་བྱ་སྟབས་བདེ་བའི་དབང་དུ་བཏང་ནས། འབྲུག་ལ་ཡོད་པའི་ལུགས་སྲོལ་གཞན་ཞིག་སྟེ། ཁྱིམ་ཚང་ཞིག་གི་ནང་དུ་ཁྱིམ་སོ་བཟུང་ནུས་པའི་ན་ཚོད་ལོངས་པའི་སྐྱེས་བུ་མེད་ཚེ། ཁྱིམ་དེའི་ས་ཞིང་རྣམས་ཕྲུ་གུ་གསོ་སྐྱོང་གནང་མཁན་གྱི་ཁྱིམ་ཚང་གཞན་གྱིས་བདག་དབང་བྱེད་སྲོལ་མཆིས་པ་བཞིན། བསོད་ནམས་སྒྲོལ་མའི་ཁྱིམ་བརྒྱུད་ལ་དབང་བའི་ས་ཞིང་རྣམས་ཀྱང་ཁྱིམ་ཚང་གཞན་གྱིས་དབང་སྒྱུར་བྱས།
དེང་སང་ཀུར་སྟོད་ (Kurtoed) ནི་ལྷུན་རྩེ་རྫོང་གི་ཆ་ཤས་སུ་གྱུར་པའི་འགྲོ་འདུག་ཉུང་བའི་ས་ཁུག་ཅིག་ཡིན་ཀྱང་། དེ་དུས་གནས་འདི་ཆབ་སྲིད་དང་དཔལ་འབྱོར་གྱི་ནུས་པའི་བསྟི་གནས་སུ་གྱུར་ཡོད། དེའི་རྒྱུ་མཚན་ཡང་། ཀུར་སྟོད་ (Kurtoed) འདི་འབྲུག་གི་བྱང་ཤར་གྱི་མཚམས་སུ་ཆགས་པའི་ས་ཐག་རིང་བའི་བོད་ཀྱི་ས་མཚམས་དང་ཐག་ཉེ་བས་རེད། འདི་ནི་འབྲུག་གི་ཞིང་ཆེན་ཐོག་མའི་གྲས་ཤིག་ཡིན་ལ། ང་ཚོའི་འདས་པའི་འགོ་ཁྲིད་མང་པོ་གནས་འདི་ནས་བྱུང་། ཡིག་ཆའི་ནང་དུ་ངའི་སྐྱེ་ཡུལ་ཀུར་སྟོད་ཡིན་པར་གསལ་བ་ནི། སྐྱེས་བུ་ཉུང་ངུ་ཞིག་ལས་གཞན་གྱིས་ངའི་སྐྱེ་ཡུལ་ངོ་མ་སྟེ་སྦས་ཡུལ་མཁན་པ་ལྗོངས་ཀྱི་སྐོར་ཤེས་ཀྱི་མེད་པས་རེད།
ཀུར་སྟོད་ (Kurtoed) ནས་བོད་ལ་འགྲོ་འོང་བྱ་སྟབས་བདེ་བས། གནའ་སྔ་མོ་ཀུར་སྟོད་ (Kutoed) ནས་ཡིན་ཞེས་ལབ་ཚེ་ཕྱུག་བདག་གི་བསྟི་གནས་ཧམ་བྷག་ (Humburg) གམ་ཚོང་རིགས་དང་སློབ་ཆེན་དུ་མ་ཡོད་པའི་མི་རིགས་སྣ་མང་འཛོམས་སའི་ལྟེ་གནས་ལན་ཌན་ (London) ནས་ཡིན་ཞེས་བརྗོད་པ་དང་གཅིག་མཚུངས་རེད། ཀུར་སྟོད་པ་ཚོར་རང་གི་ཡུལ་ལུང་གི་སྐད་ཁ་ཁ་ཞིག་ཡོད། སྐད་རིགས་ཤིག་ལས་ཀུར་སྟོད་ཀྱི་སྐད་ནི་ངའི་རྣ་བར་སྙན་པའི་སྒྲ་དབྱངས་ཀྱིས་བརྒྱན་པའི་གླུ་གཞས་དང་ཀུན་ནས་མཚུངས་པར་སྣང། གཅིག་བྱས་ན་ཆུང་དུས་ཀྱི་དྲན་པས་བསླད་པའི་དབང་གིས་ཡིན་སྲིད།
ཀུར་སྟོད་ཀྱི་བུད་མེད་ཚོ་བུད་མེད་གཞན་དང་མི་འདྲ་བར་མཛེས་མ་དང་ཡིད་དབང་འཕྲོག་པོ་ཡོད་པར་གྲགས་མོད། འོན་ཀྱང་ངའི་སྣང་བ་ལ་འདི་ནི་ཀུར་སྟོད་པའི་སྐད་འདིས་རྐྱེན་པས་མིན་ནམ་སྙམ། ཕྲན་གྱི་དྲན་པར་ཡོད་པའི་ཀུར་སྟོད་ཀྱི་ཐུན་མིན་གྱི་དངོས་པོ་རྣམས་ནི་འབྲུག་གི་གནའ་རབས་ཀྱི་ཟས་ཨེ་ཟས་[3]དང་ཧོ་གས་[4]གཉིས་ཡིན། ཟས་རིགས་འདི་གཉིས་ལངས་ཚོ་དར་ལས་ཡོལ་བའི་ལག་རྩལ་ལྡན་པའི་ཀུར་སྟོད་པའི་སྐྱེས་པ་ཕོ་མོ་དག་གིས་གཡོས་ན་བྲོ་བ་དམིགས་བསལ་ཞིག་ཡོད། ཁོ་བོའི་སྲུ་མོ་དབྱངས་སྐྱིད་རྡོ་རྗེ་ནི་ཀུར་སྟོད་ཀྱི་ཟས་གཡོས་པ་ལ་ཤིན་ཏུ་བྱང་ཆུབ་པ་ཞིག་ཡིན་པས། དུས་དུས་སུ་འབྲུག་ལ་འགྲོ་སྐབས་ཁོ་མོ་ཐུག་སར་འགྲོ་རྒྱུའི་འབད་རྩོལ་བྱེད་ཀྱི་ཡོད།
བདག་ཀུར་སྟོད་དུ་འཚར་ལོངས་བྱུང་མེད་ཀྱང་ཡུལ་ལུང་དེའི་ལོ་རྒྱུས་ལ་རྒྱུས་མངའ་ཡོད་པ་ནི། ངའི་ནང་མི་དང་ལྷན་དུ་འགྲོགས་པའི་ཀུར་སྟོད་པ་རྣམས་ཀྱིས་ཡུལ་ལུང་དེའི་དཔལ་ཡོན་གྱི་སྐོར་ལ་བཀའ་མོལ་རྫོགས་རྒྱུ་མེད་པ་གནང་བ་དེ་དག་ཐོས་པས་རེད། ཁོང་ཚོས་གཏམ་གླེང་བྱེད་སྐབས་རོ་གླིང་དང་མཐུན་དཔེ་གཉིེས་ཏེ་ཀུར་སྟོད་པའི་མི་ཚང་ཆེན་པོ་གཉིས་ཀྱི་སྐོར་རྟག་ཏུ་གླེང་། ཁྱིམ་ཚང་དེ་གཉིས་ཀར་ནག་ཚང་ (naksthang) ཞེས་འབོད་པའི་ཁང་ཆེན་དུ་གནས་སྡོད་བྱས། ནག་ཚང་ (naksthang) ནི་སྲ་ཞིང་འཐས་པའི་རྡོ་ལས་བྱས་པའི་ཁང་ཆེན་ནམ་གྲོང་ཁྱེར་གྱི་མཐའ་ན་ཡོད་པའི་འབྲུག་གི་འབྱོར་ལྡན་གྱི་ཁང་ཆེན་ཞིག་ཡིན་ཀྱང་། མི་ཚོས་སྐད་ཆ་བཤད་སྟངས་ལྟར་ན། ཧ་ལམ་ཁང་པ་དེ་ནི་ཡོ་རོབ་དུ་ཡོད་པའི་སྲ་ཞིང་བརྟན་པའི་རྡོ་ལས་བྱས་པའི་ཁང་ཆེན་ཡིན་པ་ལྟར་གླེང་། ཡུལ་དེར་དུང་དཀར་ཆོས་རྗེ་ཞེས་པའི་གནས་ཁང་ཞིག་ཡོད། དེ་ནི་ད་ལྟའི་རྒྱལ་པོའི་ཕ་མེས་ཀྱི་བཞུགས་གནས་རེད། གནས་ཁང་དེ་དག་ལ་གཡོག་འཁོར་རྣམས་ནི་ཁང་བདག་སོ་སོ་ལ་དབང་བ་ཤ་སྟག་སྟེ། དཔེར་ན་གུས་པའི་ཡང་མ་བཞིན་ནོ།། འབྲུག་ལ་གཡོག་པོའི་ལུགས་སྲོལ་གྱི་བག་ཆགས་དེ་ད་དུང་མ་ཡལ་བར་གསོན་པོར་གནས་ཡོད། གོམས་གཤིས་ངན་པ་དེ་འགུལ་བསྐྱོད་ཙམ་ཡང་གཏོང་དཀའ་བར་སྣང་བ་ནི་ཤིན་ཏུ་ཡིད་སྐྱོ་བའི་གནས་སུ་གྱུར།
ངག་དབང་སྒྲོལ་མས་དྭ་ཕྲུག་དེ་དག་ལ་ཐད་བྱུས་བྱེད་བཞིན་པའི་སྐབས་ཀྱི་དུས་དེ་ནི། ཀུར་སྟོད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཆེས་མཐོ་སར་སླེབས་པའི་སྒང་རེད། ཕྲན་གྱི་ཡང་མ་དྭ་ཕྲུག་རྣམས་ལས་རྒན་ཤོས་ཡིན་ཞིང་། ཁོ་མོ་སྤྱང་གྲུང་འཛོམས་ལ། དུས་གཅིག་ཏུ་རྒྱལ་ཁང་གི་ནང་དུ་བྱ་བ་མང་པོ་སྒྲུབ་ཐུབ་པས། རིམ་གྱིས་རྒྱལ་པོའི་ནང་འཁོར་གྱི་ཆ་ཤས་སུ་གྱུར། དེ་ལྟར་ཁོ་མོ་ལ་རྒྱལ་རིགས་ཀྱི་ཕྲུ་གུ་ཞིག་མངལ་དུ་ཆགས་ཀྱང་ཁོང་རྣམས་ལས་ཕ་སུ་ཡིན་མིན་ང་ཚོས་གསལ་པོ་བཤད་མི་ཐུབ། ཕྲུ་གུ་དེ་གུས་པའི་མེས་པོ་བླ་མ་བསོད་ནམས་བཟང་པོ་རེད།
བོད་པ་དང་འབྲུག་པ་ཚོར་རང་གི་ཁྱིམ་བརྒྱུད་ཀྱི་ལོ་རྒྱུས་ཡིག་ཐོག་ཏུ་བཀོད་ནས་ཉར་ཚགས་བྱེད་པའི་གོམས་གཤིས་མེད་སྟབས། ལོ་རྒྱུས་ཀྱི་དུས་ཚིགས་རྣམས་ཁུངས་བཙན་མེད་པའི་བཤད་སྒྲོས་ཙམ་ལ་བསྟེན་པ་དང་། རྒྱུ་མཚན་ར་སྤྲོད་ཕྱིར་དུ་འགོད་པའི་དཔང་རྟགས་རྣམས་ཀྱང་གསལ་ཁ་མེད། གཞན་གྱིས་ཁྱེད་ལོ་ག་ཚོད་ཡིན་ཞེས་འདྲི་ཚེ། ཕལ་ཆེར་གྱིས་སྤྲེལ་ལོ་ཡིན་ཞེས་པ་ལྟ་བུའི་ལོ་རྟགས་ཀྱི་སེམས་ཅན་གང་རུང་གི་མིང་ཙམ་བརྗོད། དེ་རྗེས་ཕ་རོལ་པོ་དེས་མི་དེའི་གཟུགས་པོའི་དབྱིབས་དང་། ངོ་གདོང་ལ་བལྟས་ནས་ལོ་ག་ཚོད་ཡིན་མིན་ཚོད་དཔག་བྱེད། མི་དེ་ལོ་བཞི་བཅུ་ཡས་མས་ཡིན་ན། སྤྲེལ་ལོ་བཞི་འཁོར་བར་ཚོད་དཔག་བྱེད། ཁ་ཅིག་གིས་ནམ་དུས་བཞི་གང་རུང་ངམ་དུས་ཆེན་རྣམས་གཞིར་བཟུང་ནས་སྐྱེ་ཚེས་དང་འབྲེལ་བའི་དྲི་བ་རྣམས་ལ་ལན་འདེབས་བྱེད། དཔེར་ན། “ང་ལོ་བཅུ་སྔོན་གྱི་སྟོན་ཀའི་སྐབས་སྐྱེས་པ་རེད།” ཡང་ན་ “ང་ནགས་དེ་མེས་མ་འཚིགས་གོང་གི་ལོར་སྐྱེས་པ་རེད།” ཅེས་པ་ལྟ་བུའོ།།
ཉེ་བའི་ཆར་གོ་ལ་གཅིག་གྱུར་རིང་ལུགས་འདི་མ་དར་བར་དུ་འབྲུག་ཏུ་ང་ཚོས་ནམ་ཡང་སྐྱེ་སྐར་བཏང་མྱོང་མེད། འོན་ཀྱང་དེང་སྐབས་འབྲུག་ཡུལ་དུ་འབྱོར་ལྡན་པ་ཚོས་མཚན་ཚོགས་འཚོགས་པ་མ་ཟད། ཨ་རི་ནས་དར་བའི་ལས་ཁུངས་དང་མི་སྣ་འདུ་འཛོམས་ཀྱི་སྐབས་གོན་པའི་ཆས་གོས་དམིགས་བསལ་ (Tuxedo) གྱོན་པ་དང། འཁུར་ར་ (cake) ཡང་བྷེང་ཀོག་ (Bangkok) ནས་མངགས་ཉོ་བྱེད་པ་ཐོས། ཁོང་ཚོ་སྐྱེ་སྐར་གྱི་མཚན་ཚོགས་འཚོགས་རྒྱུར་ཧ་ཅང་དགའ།
ངོས་རང་ལོ་ཉི་ཤུ་ལོན་པའི་སྐབས་སུ་ཕྱི་བསྐྱོད་ལག་འཁྱེར་བཟོ་དགོས་བྱུང་བས་ད་གཟོད་སོ་སོའི་སྐྱེ་ཚེས་ངོ་མ་དེ་ཤེས་བྱུང་། མེས་པོ་ལགས་ཀྱི་སློབ་མ་དང་། སྲུ་མོ། དེ་བཞིན་ཞབས་ཞུ་བ་གཞན་རྣམས་ཀྱི་དྲན་པ་ཡིད་རྟོན་བྱས་ཏེ་ཕྲན་ཕྱི་ཟླ་དྲུག་པའི་ནང་དུ་སྐྱེས་པར་ཤེས་པ་ལས། དེའི་སྔ་རོལ་དུ་ཨ་མས་གང་ཞིག་གསུངས་པ་ལ་བརྟེན་ནས་ངས་རྟག་ཏུ་བདག་གི་སྐྱེ་སྐར་ཕྱི་ཟླ་བདུན་པའི་ནང་ཡིན་པར་བསམས་ཀྱི་ཡོད། དེར་མ་ཟད་ང་ཀེན་སར་ (Cancer)[6] ཏེ་ནུབ་ཕྱོགས་ཀྱི་སྐར་རྩིས་རིག་པའི་མཚོན་རྟགས་བཅུ་གཉིས་ལས་སྡིག་སྲིན་དབྱིབས་ཅན་གྱི་སྐར་ཁྱིམ་གྱི་རྟགས་འཆང་བ་ཡིན་པར་བརླམས་ནས། དེ་ལུགས་ཀྱི་རྩིས་གཞིར་བཟུང་ནས་ཁོ་བོའི་རྩིས་རྒྱས་པར་བཀོད་དེ་རྩིས་འབྲས་ཀྱི་རེའུ་མིག་ཀྱང་བཟོས་ཡོད་ལ། རྩིས་འབྲས་དེ་དག་ཀྱང་ཤིན་ཏུ་འོས་ཤིང་འཚམ་པ་ཞིག་ཏུ་སྣང་ཡང་། འདི་ནི་རྩིས་གཞུང་རིག་པའི་འགྲོ་སྟངས་ཤིག་རེད། འོན་ཀྱང་དེ་ལྟ་བུའི་གོ་ལོག་ཐེབས་པ་ནི་ཟླ་བའི་གྲངས་འབོར་ཡང་མི་མཐུན་པའི་སྐར་རྩིས་རིག་པའི་གཞུང་ལུགས་གཉིས་ཀྱི་ལོ་མཐོ་མི་འདྲ་བ་གཉིས་བེད་སྤྱོད་བྱས་པ་ལ་བརྟེན་ནས་བྱུང་བ་ཡིན་སྙམ།
གུས་པའི་མེས་པོ་བླ་མ་བསོད་ནམས་བཟང་པོ་ཀུར་སྟོད་དུ་ཆུ་སྦྲུལ་ལོར་སྐུ་འཁྲུངས་པ་ནས་མ་ཡུམ་བསོད་ནམས་སྒྲོལ་མ་ལགས་ཀྱིས་ལོ་གསུམ་རིང་གསང་ནས་བཞག་པར་གྲགས། དགུང་ལོ་བརྒྱད་ལ་ཕེབས་པ་ན་རྟ་ལུ་དགོན་པས་ཁོང་རབ་ཏུ་བྱུང་དགོས་པར་བཀའ་གནང་། དགུང་ལོ་བཅུ་དྲུག་ལ་བོད་དུ་ཞབས་ཐང་ཕེབས། འོན་ཀྱང་གོང་དུ་གསལ་བའི་ལོ་གྲངས་རྣམས་ལ་མཐའ་གཅིག་ཏུ་ཡིད་ཆེས་བྱེད་མི་ཐུབ་པར་ཤེས་དགོས།
གཅིག་བྱས་ན་ཁ་ཅིག་གིས་པོ་པོ་བསོད་ནམས་བཟང་པོ་ཁོང་བྱི་ཕྲུག་ཉ་ལེ་ཞིག་ཡིན་པའི་རྒྱུ་མཚན་གྱིས་བསོད་ནམས་སྒྲོལ་མས་རང་གི་བུ་ཕྲུག་དེའི་སྐོར་ལོ་ངོ་དེ་དག་གི་རིང་གཞན་ལ་གསང་འདུག་སྙམ་སྲིད་མོད། འོན་ཀྱང་ཁྱོ་ག་མེད་པར་ཕྲུ་གུ་བཙས་པ་འདི་ཧང་སང་དགོས་པའི་གནས་སྟངས་གང་ཡང་མིན། མཚན་སྙན་ལ་གནོད་པ་ལས་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་གཞན་ཞིག་ཡོད། ངོས་རང་འཚར་ལོངས་བྱུང་བཞིན་པའི་སྐབས་ཡང་ཡང་ངམ་ཉིན་ལྟར་མི་ཚང་འགའ་ཤས་དང་སྐྱེས་བུ་ཁ་ཅིག་གི་ཉེ་སར་འགྲོ་མི་རུང་བ་དང་། དེ་དག་ལས་ཟ་བཏུང་ལེན་མི་རུང་བའི་ཉེན་བརྡ་བཏང་། པོ་པོ་ལགས་ཀྱི་ཞབས་ཞུ་བ་ཚོས་ངའི་ཉེ་སར་གང་ཟག་ཁ་ཅིག་འོངས་ཚེ་བདག་ལ་ལྐོག་བཤད་བྱེད་པར་བརྩམས་ཤིང་། གུས་པ་ཁོང་རྣམས་ལས་སྦས་གསང་བྱས། ཕྱིས་སུ་ཁོང་རྣམས་ཀྱིས་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་བཤད། དུས་དེ་དག་གི་རིང་འབྲུག་ལ་མི་མང་པོ་ཁ་ཟས་ནང་དུ་དུག་བླུགས་ནས་བསད་པའི་ལོ་རྒྱུས་ཡོད། སྒོས་སུ་འབྲུག་ཤར་ཕྱོགས་སུ་གནས་ཚུལ་དེ་ལྟར་ཐོན། དེའི་རྒྱུ་མཚན་ཡང་མི་ཚོས་གལ་ཏེ་སྐྱེ་བོ་ཞིག་བསད་ཐུབ་ན་འཆི་མཁན་དེའི་ནུས་པ་རང་ལ་འཐོབ་པར་ཡིད་ཆེས་པས་རེད། བསོད་ནམས་སྒྲོལ་མས་ཀྱང་གལ་ཏེ་རང་གི་ཕྲུ་གུ་དེ་རྒྱལ་རིགས་ཤིག་ཡིན་པར་གཞན་གྱི་ཚོར་ན། དུག་ཟས་སྤྲོད་ཉེན་ཧ་ཅང་ཆེ་བར་བརྟེན། རྒྱལ་ཁང་གི་མཚན་སྙན་ལ་གནོད་པར་བསམ་པ་ལས་གོང་གསལ་གྱི་གནད་དོན་རྒྱུ་མཚན་དུ་བྱས་ནས་རང་གི་ཕྲུ་གུ་གསང་ལས་ཆེ་སྙམ།
གནའ་སྔ་མོ་མ་ཟད་དེང་སང་ཡང་ཆེད་དུ་གཉེར་ནས་དུག་ཟས་སྤྲོད་མཁན་ཡོད་ལ། ཁོང་ཚོས་གཙོ་ཆེར་རིགས་མཐོ་བའི་སྐྱེས་བུ་དང་། སྒོས་སུ་རང་ཉིད་རང་གིས་སྲུང་སྐྱོབ་ནུས་པའི་རེ་འདུན་བྲལ་བའི་བྱིས་པ་རྣམས་ལ་དམིགས། བྱིས་པ་འདི་ཚོར་ནུས་པ་ཡོད་ཀྱང་རང་ཉིད་རང་གིས་སྲུང་མི་ནུས། དེ་ལྟ་བུའི་ངན་སྔགས་མཁན་ཁ་ཅིག་གིས་བལྟས་པ་ཙམ་གྱིས་གཞན་གྱི་ནུས་པ་འཕྲོག་ལ། གཞན་གྱིས་རེག་པ་ཙམ་གྱིས་ངན་དུག་ཕོག་པར་བྱེད། ངན་སྔགས་མཁན་དུ་གྲགས་པའི་ཁྱིམ་བརྒྱུད་ཁ་ཅིག་ད་དུང་ཡང་འབྲུག་ཤར་ཕྱོགས་ཀྱི་ཁུལ་དུ་སྤྱི་ཚོགས་ཀྱིས་ལོགས་སུ་བཀར་ཏེ་ངོས་ལེན་མི་བྱེད་པའི་གནོན་ཤུགས་འོག་འཚོ་བཞིན་མཆིས། ཇི་ཙམ་གྱི་ང་ཚོའི་འཛམ་གླིང་འདི་དངོས་ཞེན་རིང་ལུགས་པར་གྱུར་པ་དེ་ཙམ་གྱི་ངན་སྔགས་མཁན་དང་། གསོན་འདྲེ་ལྟ་བུའི་དངོས་པོའི་ཆོས་རྣམས་རིམ་གྱིས་ཡལ་ནས་འགྲོ།
ཀུར་སྟོད་ཀྱང་སྔར་གྱི་རང་བཞིན་ལས་ཡལ་ཚར་ཡོད། ཡུལ་དེའི་འབྱོར་ལྡན་ཕལ་ཆེར་ཐིམ་བུ་ (Thimphu) ལྟ་བུའི་ས་གནས་གཞན་དུ་སྤོ་བཞུད་བྱས་ཏེ་གནས། གལ་ཏེ་ཁང་ཆེན་དེ་དག་ཏུ་གནས་པའི་དཔོན་རིགས་ཕོ་མོ་དག་ཡོད་ནའང་རེ་བཟུང་ལས་མེད། ངོས་རང་ལོ་སུམ་ཅུའི་མགོར་ཡིན་སྐབས་ཀུར་སྟོད་དུ་རྨོ་མོའི་གྲོང་གསེབ་ཏུ་ཕྱིན་པ་ཡིན། དེ་སྐབས་སྔར་སྙན་གྲགས་ཅན་གྱི་རོ་གླིང་དང་མཐུན་དཔེ་གནས་པའི་ཁང་ཆེན་དེ་ལྟ་འདོད་ཀྱི་ཚོར་བ་རྣོན་པོ་ཞིག་བྱུང། འདས་པའི་ལོ་མང་པོའི་རིང་གནས་ཁང་དེ་དག་རྩོམ་སྒྲུང་རྣམས་ཀྱི་ནང་དུ་གསལ་བའི་ཁང་ཆེན་སྟེ། ང་རྒྱལ་དང་ཕྱོགས་ལྷུང་ (Pride and Prejudice) ཞེས་པའི་དབྱིག་ཡིག་གི་གྲགས་ཅན་རྩོམ་སྒྲུང་དུ་གསལ་བའི་བྷིང་ལེའི་ས་གནས་ནེ་དྷར་ཕྰིལ་ཊ་ (Bingleys’ Netherfield) དང་། བྷི་ནེ་ཊིའི་ཁང་པ་ལོང་བྷོན་ (Bennets’ Longbourn) དང་ཆ་མཚུངས་པ་ཞིག་ཡོད་སྣང་ཤར།
ཤིན་ཏུ་བློ་ཕམ་དགོས་པ་ཞིག་ལ། སྙན་གྲགས་ཀྱིས་ཁྱབ་པའི་ནག་ཚང་ནི་ཕན་ཚུན་ཉེ་འདབས་སུ་ཆགས་པའི་ཁང་པ་གཉིས་ཁོ་ན་ལས་མི་འདུག གནས་དེར་སྔར་བཤད་པའི་དཔལ་ཡོན་དང་གཟི་བརྗིད་ཀྱི་རྗེས་ཤུལ་ཙམ་ཡང་མི་སྣང་བས། འཆར་སྣང་འདིས་བདག་ལ་སྔར་ཐོས་པའི་ཀུར་སྟོད་ཀྱི་དཔལ་ཡོན་དང་སྙན་གྲགས་ཀྱི་སྒྲ་སྒྲོག་པའི་བཀའ་མོལ་དག་ལ་བསམ་གཞིག་ནན་པོ་བྱེད་དགོས་པའི་རྟོག་པ་ཞིག་སྐྱེར་བཅུག །
ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བསགས་པའི་ཐ་མ་ནི་ཟད། འདུ་བའི་ཐ་མ་ནི་བྲལ། སྐྱེ་བའི་ཐ་མ་ནི་འཆི། ཞེས་གསུངས་པ་ལྟར། ངས་གང་བཤད་འདོད་ཅེ་ན། ཀུར་སྟོད་ཀྱི་གནས་འདིས་གོང་དུ་གསུངས་པའི་གནས་ལུགས་དེ་མངོན་སུམ་དུ་སྣང་བར་བྱེད་ཐུབ་མོད། འོན་ཀྱང་འདིས་སྐྱེ་བོ་ཚོགས་རྣམས་ལ་ཡོད་པའི་ཡུལ་ལུང་དེ་དང་འབྲེལ་བའི་དྲན་པ་རྣམས་ལ་ཞེན་པའི་བློ་ནི་ག་ལ་འགོག་ཐུབ་སྟེ་མི་ཐུབ་བོ།།
[1] Don Giovanni ནི་ཨི་ཊ་ལི་ (Italy) ནས་དར་བའི་མཉམ་སྡེབ་རོལ་གར་ཞིག་རེད།
[2] ཁྲོམ་སྡེ། ཁྲོམ་ར་ཆེ་ཤོས།
[3] Ezay ཨི་ཟས། སི་པན་ཞིབ་ཞིབ་དང་། གཡེར་མ། ཕྱུར་བ་ལས་བཟོས་པའི་རྒྱུན་སྤྱོད་སྤོད་རྫས་ཤིག །
[4] Hogay ཧོ་གས། ཁི་རའམ་ལ་ཕུག ཙོང་། ཕྱུར་བ། སི་པན་ཞིབ་ཞིབ་ལས་བཟོས་པའི་གྲངས་ཚལ་ཞིག །
[5] Gemini ནི་ནུབ་ཕྱོགས་ཀྱི་སྐར་རྩིས་ཀྱི་རྟགས་བཅུ་གཉིས་ལས་གཅིག་རེད། ཕྱི་ཟླ་ ༥ པའི་ཚེས་ ༢༡ ནས་ཕྱི་ཟླ་ ༦ པའི་ཚེས་ ༢༡ ནང་ཁུལ་དུ་སྐྱེས་པ་རྣམས་ལ་ (Gemini) ཞེས་འབོད་ཅིང་། དེ་ལ་ལེགས་ཆ་དང་ཉེས་ཆའི་གཤིས་གཉིས་ཡོད། ལེགས་ཆ་ནི། གནས་སྟངས་ཅི་འདྲ་ཞིག་གི་འོག་ཏུ་ཚུད་ཀྱང་གོམས་འདྲིས་བྱེད་ཐུབ་པ། གཞན་དང་འགྲོགས་སླ་བ། སྤྱང་གྲུང་འཛོམས་པ་བཅས་ཡོད། ཉེས་ཆ་ནི། ཐག་གཅོད་ཡག་པོ་བྱེད་མི་ཐུབ་པ། བརྟན་པོ་མེད་པ། བྱུས་གཏོགས་ཚ་བོ་བཅས་སོ།
[6] Cancer ནི་ནུབ་ཕྱོགས་ཀྱི་སྐར་རྩིས་ཀྱི་རྟགས་བཅུ་གཉིས་ལས་གཅིག་རེད། ཕྱི་ཟླ་ ༦ པའི་ཚེས་ ༢༡ ནས་ཕྱི་ཟླ་ ༧ པའི་ཚེས་ ༢༢ ནང་ཁུལ་དུ་སྐྱེས་པ་རྣམས་ལ་ (Cancer) ཞེས་འབོད་ཅིང་། ལེགས་ཆའི་གཤིས་ཀ་ནི། དྲང་བདེན། སྲུང་སྐྱོབ་བྱེད་པ། སྐྱེས་ཐོབ་ཀྱི་ཤེས་རབ། གཞན་ལ་བསམ་བློ་གཏོང་མཁན་བཅས་ཡིན། ཉེས་ཆའི་གཤིས་ཀ་ནི། ཚོར་བ་སྐྱེན་པོ། ཁམས་མི་བརྟན་པ། འཁོན་འཛིན་བཅས་ཡོད།
0 Comments