ལེའུ་བདུན་པ། བཅོས་མ་མིན་པའི་སྤྱོད་ཚུལ་གྱི་ཉམས་རྒུད།

by | Dec 5, 2016 | 0 comments

55f663868ac8aa6571ef87df9283cc77

གུས་པ་འབྲུག་ཤར་ཕྱོགས་སུ་འཚར་ལོངས་བྱུང་བཞིན་པའི་སྐབས་སུ་གྲོང་པ་ཀུན་གྱིས་ལིང་གའི་འདྲ་བརྙན་བཀོད་གཤོམ་བྱས། ང་ཚོའི་ནང་གི་སྒོའི་ལྕགས་ལུང་དང་། གཤེར་ཁུ་དཀྲུག་པའི་སྐྱོགས། དེ་བཞིན་སྐས་འཛེག་གི་འཇུ་ལུང་དག་ལའང་ལིང་གའི་འདྲ་བརྙན་བརྐོས་ཡོད།  དེ་ཙམ་མ་ཟད་ཁང་པའི་ཕྱི་ནང་གི་གྱང་ལྡེབས་སུའང་ཕོ་མཚན་གྱི་རི་མོ་ཆེ་ཆུང་དང་བཟོ་ལྟ་འདྲ་མིན་བྲིས།  དེ་ལྟ་བུའི་ལིང་གའི་འདྲ་བརྙན་དང་ལྡེབས་རིས་ཧ་ཅང་མང་བས་སུས་ཀྱང་དོ་སྣང་ཙམ་ཡང་མི་བྱེད། བུ་དང་བུ་མོ། གཅེན་པོ་དང་གཅུང་མོ། དེ་བཞིན་གྲྭ་པ་དང་ཨ་ནེ་སྟེ་སུ་ཡིན་ཡང་མཚན་མའི་འདྲ་བརྙན་དང་པར་རིས་དེ་དག་གི་མདུན་ན་འཚེར་སྣང་དང་འཛེམ་ཟོན་གང་ཡང་མེད་པར་གླེང་མོལ་བྱས་ནས་བསྡད།

འབྲུག་པ་ཚོ་བག་ཟན་ལས་ཕོ་མཚན་དང་མོ་མཚན་བཟོ་རྒྱུར་དགའ་པོ་ཡོད། ལག་རྩལ་རྣམས་ཀྱི་ནང་ནས་བག་ཟན་གྱིས་ཕོ་མོའི་མཚན་མ་བཟོ་བའི་ལག་རྩལ་འདི་ཁོ་ནར་ཁོ་བོ་ཕུལ་དུ་ཕྱིན་ཡོད་སྙམ། བདག་གིས་ངོས་ལེན་ཞུ་དགོས་པ་ཞིག་ནི། གྱིག་བྱི་རིལ་གྱི་ཕོ་མོའི་མཚན་མ་བཟོས་ཏེ་འཛམ་བུ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་གྲངས་ལས་འདས་པའི་ཟ་ཁང་གི་ཅོག་ཙེའི་འོག་ཏུ་སྦྱར་བ་དེ་ཡིན། འདི་ནི་མཚོན་བྱེད་ཙམ་དང་། རི་མོ་ཕལ་པ། དེ་བཞིན་རྐོས་རིས་ཙམ་ནམ་ཡང་མིན། གུས་པ་གང་དུ་འཚར་ལོངས་བྱུང་བའི་ས་ཕྱོགས་དེར་འཁྲིག་སྦྱོར་གྱི་སྐོར་ལ་ལུས་ངག་ཡིད་གསུམ་གྱི་འཁྱེར་སོ་ཡུལ་ལུང་གཞན་དང་མི་འདྲ་བར་གུ་ཡངས་པོ་ཡོད། ཡུལ་ལུང་གཞན་དུ་བུད་མེད་ལ་བརྩེ་དུང་གི་ཚིག་རྗེན་སྨྲ་བ་ནི་མ་གུས་པའི་བྱ་སྤྱོད་ཀྱི་གྲས་སུ་རྩི་སྲོལ་ཡོད་ཀྱང་ང་ཚོའི་སྤྱི་ཚོགས་ལ་དེ་འདྲ་གང་ཡང་མེད། བུད་མེད་ཅིག་གིས་སྐྱེས་པ་ཞིག་རང་དང་མཉམ་དུ་ཉལ་བའི་ཆེད་དུ་འབོད་པ་ནི་ཇ་མགྲོན་དུ་འབོད་པ་དང་གཅིག་མཚུངས་ལྟ་བུ་རེད། འོན་ཀྱང་ཡར་ཐོན་ཅན་གྱི་སྤྱི་ཚོགས་ཀྱིས་དེ་ལྟ་བུའི་སྤྱོད་ལམ་རྣམས་ཀླ་ཀློའི་སྤྱོད་པ་དང་། གདོད་མའི་མི་རིགས་ཀྱི་བྱེད་སྟངས། དེ་བཞིན་རྗེས་ལུས་ཀྱི་རྣམ་པར་ངོས་འཛིན་བྱེད་ཀྱི་ཡོད་པ་ཕྱིས་སུ་ཁོ་ན་ཤེས་རྟོགས་བྱུང་།

མཐར་ང་ཡང་གུ་དོག་པའི་བསམ་བློ་གཏོང་སྟངས་དང་བློའི་འཁྱེར་སོ་བསྐྱང་རྒྱུ་འགོ་བཙུགས། ཕྲན་སྤྲུལ་སྐུ་ངོས་འཛིན་བྱས་པའི་རྗེས་སུ་བུད་མེད་རྣམས་ངའི་སར་སླེབས་ཏེ་ཞལ་ཕུ་ཞུ་ཆེད་སྟོད་གོས་ཕུད་ནས་ཁོག་སྟོད་རྗེན་པ་སྟོན་རྒྱུ་ནི་རྒྱུན་ཆོས་སུ་གྱུར། རྒྱུ་མཚན་གང་ཡིན་ཞེ་ན་ཞལ་ཕུ་ཞུས་ན་ཁོང་ཚོའི་ལུས་ལ་ཡོད་པའི་ན་ཟུག་ཞི་བར་ཡིད་ཆེས་བྱེད། ལོ་མང་པོའི་རྗེས་སུ་འབྲུག་ཤར་ཕྱོགས་ལ་ལོག་པ་ན་བུད་མེད་ཅིག་རང་གི་སྟོད་གོས་ཕུད་ནས་ངའི་སར་ཞལ་ཕུ་ཞུ་སར་སླེབས། དེ་ཙ་ན། ཁོ་བོ་མོ་ལ་མིག་ཙམ་ཡང་ལྟ་མི་ཕོད་པར་གྱུར་ཚར་འདུག འོན་ཀྱང་ཉིན་འགའ་ཤས་སོང་བ་ན་སྔར་ཕྲུ་གུའི་སྐབས་ཀྱི་བཅོས་མིན་གྱི་གོམས་གཤིས་དེ་ཕྱིར་ལྡོག་སྟེ་སླར་ཡང་སེམས་པ་ལྷོད་ལ་བབས་ཤིང་།  དེ་ལྟ་བུའི་བྱ་སྤྱོད་ལ་གདོད་མའི་མི་རིགས་ཀྱི་སྤྱོད་ལམ་དུ་འཛིན་པའི་སྒྲོ་སྐུར་གྱི་རྟོག་པ་རང་ཞི་རུ་གྱུར།

གལ་ཏེ་དངོས་པོ་ཞིག་ཡོད་ན། ལེགས་ཉེས་གང་ཡིན་རུང་ལྷད་མེད་ཅིང་དེའི་བཅོས་མིན་གྱི་རང་བཞིན་རྣམས་ཁ་བྲལ་དུ་སོང་ནས་ཉམས་རྒུད་འགྲོ་རྒྱུར་སུས་ཀྱང་ཟློག་ཐབས་བྲལ། སློབ་སྦྱོང་དང་གོས་སོགས་ཏེ་གསར་གཏོད་ཀྱི་མུན་པ་མཐུག་པོ་རྣམས་ཀྱིས་སྤྱི་ཚོགས་ཁྲོད་ཀྱི་བཅོས་མིན་གྱི་རང་གཤིས་ཀུན་ནས་བཅོམ་སྟེ་ཚུལ་འཆོས་ཀྱི་ལམ་ལ་འཁྲིད་པར་བྱེད། འདི་ནི་ཁོ་བོའི་མི་ཚེ་ནང་གི་སྒེར་གྱི་མྱོང་ཚོར་ཞིག་ཡིན།

དུས་གང་གི་ཚེ་ཁོ་བོ་མགོ་རྙོག་ལ། ཡ་རབས་བཟང་སྤྱོད་དང་། ལམ་ལུགས་དུ་མས་བརྒྱན་པའི་བོད་པའི་སྤྱི་ཚོགས་ནང་ཞུགས་པ་ན། ང་དང་འབྲེལ་ཡོད་ཀྱི་དངོས་པོ་ཐམས་ཅད་ཌིག་རི་ ༡༨༠ ཐམ་པ་འགྱུར་ལྡོག་ཕྱིན་སོང་། བླ་བྲང་ཡོངས་རྫོགས་གྲྭ་པ་དང་། མཁན་པོ། སྤྲུལ་སྐུ། དེ་བཞིན་རིན་པོ་ཆེ་ལ་སོགས་པས་ཁེངས་ཤིང་། ང་ཡང་ལོ་ན་གཞོན་པའི་རིན་པོ་ཆེ་དེ་དག་དང་ལྷན་དུ་འཚར་ལོངས་བྱུང་བ་ཞིག་སྟེ། གཞན་གྱིས་ཤིན་ཏུ་གུས་ཤིང་བཀུར་བའི་མི་ཚོགས་རྣམས་ཀྱི་ལྷན་དུ་ནར་སོན། ངའི་དགེ་རྒན་ནམ་ཡོངས་འཛིན་ཕལ་ཆེར་ནི་བུད་མེད་ཟེར་བ་ནི་ཆགས་པ་འཕེལ་བའི་རྒྱུ་དང་། ལམ་གྱི་བར་ཆད་དུ་ལྟ་བའི་གྲྭ་པ་ཁོ་ན་རེད་ལ། ཉིན་གཅིག་ཀྱང་ཡོངས་འཛིན་མེད་པར་གཅིག་པུར་གནས་མྱོང་མེད། ཁོང་རྣམ་པས་རྒྱུན་དུ་གང་གསུངས་ཤེ་ན། གལ་ཏེ་ཁྱེད་ཀྱིས་བུད་མེད་རྣམས་མཛེས་ཤིང་ཡིད་དུ་འོང་བ་ཞིག་མཐོང་ན། དེའི་རྒྱུ་མཚན་ནི་ཁོང་ཚོས་གཟུགས་པོ་བཀྲུས་པ་དང་། གོས་སྣ་ཚོགས་གྱོན་པས་རེད། ཅི་སྟེ་ཁོང་ཚོས་བདུན་ཕྲག་གཅིག་ལ་སེན་མོ་མ་གཏུབས་ན་ཁོང་ཚོ་གདོན་འདྲེ་འདྲ་བ་མཐོང་བ་དང་། བདུན་ཕྲག་གཅིག་སོ་མ་བཀྲུས་ན་ཁོང་ཚོའི་སོ་ནས་སྦུ་གུའི་དྲི་ངན་ལྡང་ཞིང་། སྐྲ་མ་བཀྲུས་ན་རལ་པ་སྐྱེ་ངེས་ཞེས་གསུངས། ལོ་ཤས་རྗེས་ཕོ་ཞེན་རིང་ལུགས་ཀྱི་བསམ་བློའི་འཁྱེར་སོ་འདི་ནི་འཇིག་རྟེན་གྱི་ལུགས་དང་ཤིན་ཏུ་མཐུན་ཞིང་། སྒོས་སུ་ཤར་ཨེ་ཤི་ཡའི་ལུགས་སྲོལ་དང་འདྲེས་པ་སྟེ། དམ་ཆོས་འདུལ་བ་དང་ཅུང་འབྲེལ་བ་ལས། དམ་ཆོས་ཀྱི་སྙིང་པོ་ལ་བསྟེན་མེད་པ་ཤེས་རྟོགས་བྱུང་།

མི་ཚོགས་མང་པོ་འཛོམས་པའི་ཁྲོད་ན་ཁོ་བོའི་ཡོངས་འཛིན་ནི། ཕྲག་དོག་ཆེ་བའི་ཆུང་མ་བཞིན་དུ་ངའི་མིག་ཟུང་ཕྱོགས་གང་དང་མི་སུ་ལ་ལྟ་ཡི་ཡོད་པ་རྩད་གཅོད་བྱས། ཁོང་རྣམས་ཀྱིས་ཁོ་བོ་གཅིག་པུ་བུད་མེད་དང་ལྷན་དུ་སྡོད་དུ་བཅུག་པ་ནི་རྨི་ལམ་དུའང་འཁོར་མི་སྲིད་ལ། ལྷག་པར་དུ་བུད་མེད་དེ་འབྲུག་མོའམ་ནུབ་ཕྱོགས་ཀྱི་བུད་མེད་ཅིག་ཡིན་ན་དོགས་ཟོན་ཆེས་ཆེར་མཛད། གང་ཡིན་ཟེར་ན། བོད་པ་ཚོས་བསམ་བློར་འབྲུག་པ་དང་ནུབ་ཕྱོགས་པའི་བུད་མེད་རྣམས་འཁྲིག་སྦྱོར་ལ་མི་འཛེམ་ཞིང་། ཉེན་ཁ་ཡོད་པར་རྩིས། དུས་དེ་དག་གི་རིང་བལ་ཡུལ་དུ་ཧི་པི (Hippie) མང་པོ་ཡོད། ནུབ་ཕྱོགས་པ་རྣམས་ཀྱང་ཧི་པི (Hippie) ཡི་བྱ་སྤྱོད་ཀྱི་རྗེས་སུ་འབྲང་བར་བརྩམས་ནས། དོན་ངོ་མར་བཟི་སྨན་བསྟེན་རྒྱུ་འགོ་བཙུགས་པ་རེད། དེར་བརྟེན་ཁོང་ཚོའི་ནང་སེམས་ཀྱི་གནས་བབས་ཀྱང་མི་བརྟན་པར་གྱུར་ཡོད་སྲིད། ནུབ་ཕྱོགས་པའི་བུད་མེད་ཚོས་བོད་པ་ནང་བཞིན་ནུ་མ་དང་། རྒྱབ་སྟོད་ཡོངས་རྫོགས་བཀབ་ཀྱི་མེད། ངའི་རྒན་ལགས་རྣམས་འཆར་སྣང་འདི་ལ་ཇི་ལྟར་བྱ་དགོས་མིན་མ་ཤེས་པར་ལུས། གལ་ཏེ་ཁོང་ཚོས་ཇིན་ (Jeans) དམ་པོ་དེ་ཙམ་མེད་པ་གོན་པའི་ནུབ་ཕྱོགས་པའི་བུད་མེད་ཞིག་མཐོང་ནའང་དོ་སྣང་ལྷག་པོ་དང་བཅས་ང་ལ་ལྟ་སྲུང་བྱས་ཤིང་། མོས་མཐུན་མེད་པའི་ཙུག་ཙུག་གིས་སྒྲས་ཀྱང་ཉེན་བརྡ་བཏང་།

ཁོང་ཚོས་ང་ཆུ་ཚོད་ཉི་ཤུ་རྩ་བཞི་ཆ་ཚང་དོགས་སྲུང་བྱ་རའི་འོག་ཏུ་བསྲུངས་ཀྱང་། ངའི་སེམས་ནང་ལ་ཡོད་པའི་ཤེས་འདོད་ཀྱི་ཚོར་བ་དྲག་པོའི་རྟགས་ཙམ་ཡང་ཁོང་རྣམ་པས་ཚོར་མེད། དོན་ངོ་མར་ཁོང་རྣམས་ཀྱི་ལྟ་རྟོག་བྱེད་སྟངས་དེས་ང་ལ་བག་ཆགས་ངན་པ་ཞིག་བཞག་ཡོད། འོན་ཀྱང་ང་ནི་ཚུལ་འཆོས་ལ་མཁས་པས་རྟག་ཏུ་བུད་མེད་ལ་དོ་སྣང་ཙམ་ཡང་མེད་མདོག་བྱས་ནས་ཁོང་ཚོར་བསླུ་བྲིད་བྱས་ཐུབ། དེ་ཡང་དཔེར་ན་སྐབས་ཤིག་ངས་གློག་བརྙན་ལ་དགའ་པོ་མེད་མདོག་བྱས་པ་དང་མཚུངས། སྟབས་ལེགས་པ་ཞིག་ལ་ངའི་དགེ་རྒན་གྱིས་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེར་ཡིད་ཆེས་བྱས། དེས་ན་ཁོ་བོ་བླ་མ་ཁོང་གི་ལྟ་སྐྱོང་འོག་ཏུ་ཚུད་མ་ཐག ཁོང་ཚོས་ང་བློས་བཀལ་ཐུབ་པའི་སྐྱེས་བུའི་སྐྱབས་འོག་ཏུ་ཡོད་པར་ཤེས་ནས་སྲུང་སྐྱོབ་དམ་པོ་བྱེད་མཚམས་བཞག་ཀྱང་། ཁོང་ཚོ་ལ་ངས་གང་བྱེད་ཀྱི་ཡོད་མེད་ཤེས་རྟོགས་ཉུང་ངུ་ལས་མེད། ཁོང་རྣམས་གནས་དེ་ནས་ཕྱིན་མ་ཐག་རིན་པོ་ཆེས་ང་ལ་བུད་མེད་མཛེས་མ་གང་གིས་ཁོ་བོའི་ཡིད་དབང་འཕྲོག་ཡོད་མེད་སྐད་ཆ་དྲིས། རིན་པོ་ཆེའི་བློ་གུ་ཡངས་པའི་མཛད་སྤྱོད་འདི་ནི་གདུལ་དཀའ་བའི་མ་རུངས་པའི་སེམས་ཅན་བདག་འདྲ་བ་གདུལ་བ་ལ་ཤིན་ཏུ་ཐབས་མཁས་པ་ཞིག་ཡིན་པ་ཉེ་བའི་ཆར་མ་གཏོགས་ཤེས་རྟོགས་མ་བྱུང་། དེ་ལྟར་མིན་ན་ཕལ་ཆེར་བདག་གིས་ཚུལ་འཆོས་ཀྱི་སྤྱོད་ལམ་སྟོན་པ་ལ་མཁས་པའི་གོ་འཕང་རྙེད་ཚར་བ་གོར་མ་ཆག དེ་ལྟ་ན་ནང་དུ་ཆགས་སེམས་འཕེལ་ན་ཡང་། ཕྱིའི་སྤྱོད་པ་ནི་ཧ་ཅང་ཞི་ཞིང་དུལ་ལ་གཙང་ཞིང་དག་པ་ཡིན་མདོག་དང་། ཚུལ་ཁྲིམས་ལ་གནས་ཤིང་་བུད་མེད་དང་ལུས་སྦྱོར་བྱས་མྱོང་མེད་ལ་མི་ཚངས་སྤྱོད་ཀྱི་དྲི་མས་གོས་མེད་མདོག དེ་བཞིན་བསམ་བློར་བཅོས་ལྷད་མེད་ཅིང་ཉེས་པས་གོས་མེད་མདོག་བྱས་ཏེ། ཀུན་སློང་དང་ཀུན་སྤྱོད་གཉིས་མི་མཐུན་པས་དེ་གཉིས་གཡུལ་འགྱེད་དེ་ཆགས་འབུ་རྣམས་མགོ་གནོན་བྱེད་ཐབས་ལ་བརྩོན་ནས་གནས་ཡོད་སྲིད།

བཅོས་མའི་ཚུལ་ཁྲིམས་ལ་ཡང་རིན་ཐང་འགའ་ཤས་ཡོད། གལ་ཏེ་ཁྱེད་རང་ཚུལ་འཆོས་བྱེད་སྟངས་ཡག་པོ་ཤེས་ན། དུས་ཚོད་གང་འཚམ་སོང་རྗེས་སུ་སྤྱོད་ལམ་དེ་དག་ཡོངས་སུ་སྨིན་སྟེ་ཕྱོགས་ལྷུང་མེད་པའི་གཤིས་ཀ་ཞིག་རང་ཐོག་ཏུ་འབབ་རྒྱུ་ཡོད། དེ་ནི་ལེགས་ཆ་ཞིག་ཅི་ལ་མིན། དེ་ཙ་ན། འཁྲིག་སྤྱོད་ཀྱི་བྱ་བའང་རང་གི་ཁོར་ཡུག་གི་རྒྱུན་ཆོས་ཀྱི་ཆ་ཤས་སུ་འགྱུར། ང་དང་ལྷན་དུ་འཚར་ལོངས་བྱུང་ཞིང་ཕྲན་གྱིས་ངོ་ཤེས་པའི་སྤྲུལ་སྐུ་མང་པོ་ཞིག་ཀྱང་རང་གི་དགེ་རྒན་རྣམས་ཀྱི་ལྟ་རྟོག་ནན་པོ་དང་སྲུང་སྐྱོབ་ཞིབ་ཚགས་ཀྱི་ལྟ་སྐྱོང་འོག་ཏུ་ནར་སོན་ཡོད། བདག་དང་མཚུངས་པའི་སྤྲུལ་སྐུ་དེ་ཚོས་ཀྱང་ཚུལ་འཆོས་ཀྱི་སྤྱོད་ལམ་དང་དུ་བླངས་ཏེ་གཙང་ཞིང་དག་ལ་ཉེས་པའི་དྲི་མས་མ་གོས་མདོག་མདོག་བྱས་ཀྱང་། སྐབས་རེ་ཁོང་ཚོས་རང་གི་བསམ་བློའི་འཆར་སྒོ་དང་འདོད་དོན་ངོ་མ་སྟེ་རང་གི་གསང་གཏམ་རྣམས་བདག་ལ་བཤད། ཡུན་རིང་ལོན་ཏེ་ད་ཆ་ཁོང་རྣམས་ཚུལ་ལྡན་གྱི་ཉམས་ལེན་པ་ཞིག་ཏུ་གྱུར་ནས་ཚུལ་འཆོས་གང་ཡང་བྱེད་མི་དགོས་པར་གྱུར་ཡོད། དེས་ན་གཞན་གྱི་ལྟ་སྲུང་དམ་པོའི་འོག་ཏུ་གནས་པ་དང་། ཚུལ་འཆོས་ཀྱི་གནས་སྐབས་ཡོངས་རྫོགས་ཉེས་སྐྱོན་ཁོ་ནར་བལྟར་མི་རུང་། དེ་དང་ཆབས་ཅིག་ཏུ། དུས་རྟག་ཏུ་ཚུལ་འཆོས་གཏན་ནས་མེད་པར་རང་གི་འདོད་པ་དང་མི་འདོད་པ་རྣམས་ཁ་རི་ཁ་ཐུག་བྱེད་དྲགས་ནའང་གཅེས་ལང་དུ་ཤོར་ཉེན་ཆེ་ལ། སྤྱོད་ལམ་དེ་ནི་རང་འགན་གྱིས་དབེན་པས་སྐྱེ་བོ་གཞན་གྱི་སེམས་ཤུགས་བཅག་ཉེན་ཡང་མཆིའོ།།

ཕྱོགས་གཞན་ཞིག་ན། ཚུལ་འཆོས་ལ་བསྟེན་དྲགས་ནས་དེའི་དབང་དུ་སོང་ན་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་ཁྱད་ཆོས་ངོ་མ་ལས་ཁ་བྲལ་ནས་འགྲོ། སྤྱོད་ཚུལ་འདིས་རང་གི་སེམས་ནང་དུ་སེམས་ཁྲལ་དང་དོགས་པ་ཡང་སློང་སྲིད། གང་ཡིན་ཟེར་ན་རང་གི་ཚུལ་འཆོས་བྱེད་ཀྱི་ཡོད་པ་ལ་བརྟེན་ནས་གཞན་ཡང་དྲང་པོ་མིན་པའི་སྣང་བ་བྱུང་ཞིང་། རང་རྒྱུད་ལ་ང་རྒྱལ་འཕེལ་ནས་བྱ་བ་ཚང་མ་ཚུལ་འཆོས་དང་འབྲེལ་ཏེ། བྱ་བ་ཅི་བྱེད་ཐམས་ཅད་རང་གཞན་གཉིས་ཀའི་ངོར་འཁྲབ་སྟོན་ཙམ་དུ་འགྱུར། ཐབས་ལ་མི་མཁས་པའི་དགེ་རྒན་རྣམས་ཀྱིས་རང་གི་སློབ་མ་རྣམས་ལ་བཟང་སྤྱོད་དང་། ཀུན་སྤྱོད་ཀྱི་སློབ་སྟོན་བྱེད་སྐབས་གཞན་ངོར་སྤྱོད་ལམ་གཙང་ཞིང་དག་པ་ལ་ནན་ཏན་མཛད་པ་ནི། སློབ་མའི་སེམས་ནང་དུ་ཚུལ་འཆོས་ཀྱི་བདུད་བཅུག་པ་རེད།

Kyabje Dilgo Khyentse Rinpoche with Ugyen Shenpen

སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་ཨོ་རྒྱན་གཞན་ཕན་དང་ལྷན་དུ།

བདག་ལོ་བདུན་ཡས་མས་ལོངས་སྐབས་སི་ཀིམ་དུ་ཡོད་པའི་རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་ཆེན་པོའི་གདན་ས་རུམ་བཏེག་དགོན་ཆེན་དུ། ཀ་ལུ་རིན་པོ་ཆེ་ལས་ཤངས་པ་བཀའ་བརྒྱུད་ཀྱི་གདམས་ངག་ཡོངས་རྫོགས་དང་དབང་རྣམས་ཞུ་སར་ཕྱིན། ང་དང་མཉམ་དུ་ངའི་རྒན་ལགས་ཨུ་རྒྱན་གཞན་ཕན་དང་། བསོད་ནམས་བཀྲ་ཤིས་གཉིས་ཡོད། དེར་ཞྭ་དམར་རིན་པོ་ཆེ། སི་ཏུ་རིན་པོ་ཆེ། དེ་བཞིན་འཇམ་མགོན་ཀོང་སྤྲུལ་གཙོས་པའི་མཉམ་མེད་བཀའ་བརྒྱུད་ཀྱི་ཡོངས་སུ་གྲགས་པའི་བླ་སྤྲུལ་ཕལ་ཆེར་འདུས་འདུག།

ཀ་ལུ་རིན་པོ་ཆེའི་སྐུ་མདུན་ནས་གདམས་ངག་དང་དབང་ཞུ་སྐབས་རྒྱུ་རྐྱེན་གཉིས་ཀྱིས་ངའི་རྒྱུད་ལ་བག་ཆགས་ཆེན་པོ་ཞིག་བཞག་སོང་། དང་པོ་ནི། མཚམས་མཚམས་རྒྱལ་དབང་ཀརྨ་པ་རིན་པོ་ཆེས་དགོན་པའི་སྟེང་ཁྱམས་སུ་ཕེབས་ནས་ཤེལ་གྱི་སྒེའུ་ཁུང་ནས་མར་ང་ཚོ་ལ་གཟིགས། ཁོང་ནི་རྟག་ཏུ་གཟི་བརྗིད་ཆེ་ཞིང་བརྗིད་ཉམས་ལྡན་ལ་དེ་དང་ཆབས་ཅིག་ཏུ་ཧ་ཅང་འཇིགས་སྣང་དོད་པོ་ཞིག་ཡོད། ཁོང་མཇལ་བར་སེམས་ནང་སྤྲོ་བ་འཕེལ་མོད། འོན་ཀྱང་འཇིགས་སྣང་ཡང་ཡོད། གལ་ཏེ་ངའི་གཡས་གཡོན་དུ་གཡོ་འགུལ་གྱི་རྣམ་པ་ཕྲ་མོ་ཙམ་བྱུང་ཡང་རིན་པོ་ཆེ་ཁོང་ཡིན་ནམ་སྙམ་པའི་རེ་དོག་དང་བཅས་ལམ་སང་ལྟ་ཡི་ཡོད་།

བག་ཆགས་གཞན་ཞིག་ནི་ཕལ་ཆེར་ངའི་ཨ་མ་ལས་ཀྱང་ན་ཚོད་རྒན་པའི་བུད་མེད་ཅིག་གིས་བཞག་བྱུང་། ཁོ་མོ་ནི་ངའི་བརྩེ་དུང་གི་ཞེན་ཆགས་ཀྱི་སྒོ་ཐོག་མར་འབྱེད་མཁན་གྱི་བུད་མེད་དང་པོ་དེ་ཡིན། སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་ཀྱི་དབང་དུ་ཚུད་ཅིང་། གྲངས་མེད་པའི་ཚེ་རབས་ཀྱི་བག་ཆགས་དང་གོམས་གཤིས་མང་པོའི་དབང་མེད་དུ་སོང་བའི་མི་ཞིག་ཡིན་པའི་ཆ་ནས། ཡུན་རིང་མི་གནས་པའི་ཕྲལ་གྱི་བརྩེ་དུང་གི་ཚོར་བ་དེ་ནི་འགོག་ཐབས་བྲལ་བ་ཞིག་ཏུ་གྱུར། ཁོ་བོའི་སེམས་པ་ཆགས་སའི་བུད་མེད་དེ་བྱམས་བརྩེ་ལྡན་པའི་སྤྲུལ་སྐུ་ཆུང་ཆུང་ཞིག་གི་ཨ་མ་རེད་འདུག གནས་སྟངས་དེ་ནི་ཧ་ཅང་ཛ་དྲག་པོ་དང་ཉེན་ཁ་ཆེན་པོ་ཞིག་ཏུ་གྱུར། ཁོ་མོ་ཉིད་ཀྱི་ཁྱོ་ག་དང་མཉམ་དུ་ཆོས་ཞུ་སར་འོངས། གལ་ཏེ་ངའི་རྣམ་རྟོག་ཤས་ཆེ་ཆུང་གི་གོ་རིམ་ཞིག་སྒྲིག་དགོས་ན། མ་རིག་པ། འདོད་ཆགས། ཞེ་སྡང་། ང་རྒྱལ་བཅས་གྱུར་ཡོད། དེ་དག་ལས་ཕྲག་དོག་དང་ང་རྒྱལ་ནི་རིམ་པ་དམའ་ཤོས་དེ་ཡིན། ཕྲག་དོག་ལ་དམིགས་བསལ་གནད་དོན་གང་ཡང་མེད་ཅེས་བཤད་པ་ཡང་དཔྱད་པ་ཆེར་མ་ཞུགས་ནས་སྨྲས་པ་ཡིན། འོན་ཀྱང་བསམ་བློ་ཞིག་ཐོངས་དང་། གལ་ཏེ་ལོ་བདུན་ལོན་པའི་ཕྲུ་གུ་ཞིག་གིས་རང་གི་ཨ་མ་ལས་ལོ་ཆེ་བའི་བུད་མེད་ཅིག་གི་ཁྱོ་ག་ལ་ཕྲག་དོག་བྱས་ན་ཅི་འདྲ་ཡོད། ངས་ནམ་ཡང་ཁོ་མོ་དང་མཉམ་དུ་སྐད་ཆ་བཤད་མྱོང་མེད། བདག་གིས་མོ་ལ་མངོན་གསལ་དོད་པོའི་ངང་བལྟས་ཡོད་ངེས།  འོན་ཀྱང་ང་ལོ་ན་ཆུང་བའི་ཕྲུ་གུ་ཞིག་ཡིན་པས་ཁོ་མོའི་བློ་ངོར་ང་ནི་མིག་ཆེན་པོ་ཡོད་པའི་བྱིས་པ་ཞིག་ལས་མིན། ཁོ་བོའི་སེམས་ལ་གནས་སྐབས་ཀྱི་བརྩེ་དུང་གི་སེམས་ཚོར་དེ་ཧ་ཅང་རྒྱས་པས་ནུབ་མོ་ཞིག་གཉིད་ཡང་ཁུག་མ་ཐུབ་པར་ལུས། མི་ཚང་མ་གཉིད་ཁུག་ནས་ཆུ་ཚོད་འགའ་ཤས་སོང་ཟིན་ཡང་། ང་ནི་མོ་དང་མཉམ་དུ་གང་བྱེད་དགོས་མིན་གྱི་རྣམ་རྟོག་གི་འཆར་སྒོ་སྤྲོས་ནས་སྡོད་ཡོད། འཁྲིག་སྦྱོར་དང་འབྲེལ་བ་གང་ཡང་མེད་མོད། འོན་ཀྱང་ཆང་ས་རྒྱགས་པ་དང་། གངས་རིའི་སྟེང་ལ་གོམ་བགྲོད་བྱས་ནས་འགྲོ་བ། ཐོག་བརྩེགས་གཉིས་ཅན་གྱི་སྤྱི་སྤྱོད་རླངས་འཁོར་དུ་མཉམ་དུ་འགྲུལ་བཞུད་བྱེད་པ། རྒྱ་སེ་མེ་ཏོག་དམར་པོའི་ཐེའུ་མོའི་རྣ་ཅོག་སྟེང་དུ་བཀར་བ་སོགས་ཏེ། དེ་ལྟ་བུའི་རྣམ་རྟོག་གི་འཆར་སྒོ་ནི་རྒྱ་གར་གྱི་བྷོ་ལི་ཝུཊ་ (Bollywood) ཀྱི་གཡོ་འགུལ་ཡང་མི་བྱེད་པའི་སྣང་བརྙན་འདྲ་པར་དག་ལ་གཞིར་བཟུང་ནས་སྤྲོས་པ་ཞིག་རེད། ནམ་ཞིག་བྷོ་ལི་ཝུཊའི་ (Bollywood) གཞས་ཤིག་ཐོས་པའི་ཚེ་ནའང་ང་ཚོ་གཉིས་ཀྱིས་གཞས་དེ་གཏོང་གི་ཡོད་པའི་སྣང་བ་བྱུང། ལོ་མང་པོའི་རྗེས་སུ་ང་ལན་ཌན་ (London) ལ་འགྲོ་བའི་སྐབས། དངོས་གྲུབ་རྡོ་རྗེས་ཐོག་བརྩེགས་གཉིས་ཅན་གྱི་སྤྱི་སྤྱོད་རླངས་འཁོར་དུ་འཆམ་འཆམ་ཁྲིད་བྱུང་། དེ་སྐབས་སྔོན་གྱི་གནས་སྟངས་རྣམས་ཕྱིར་དྲན་བྱས་པས་རང་སེམས་ལ་ངོ་ཚའི་ཚོར་སྣང་གིས་ཁྱབ།

Photo of SHARUKH KHAN and PREITY ZINTA. Fort he Bollywood film VEER-ZAARA being reviewed by Jonathan Curiel.

ཤ་རུ་ཁན་ (Sharukh Khan) དང་པྲིཏི་ཛིན་ཊ་ (Pretty Zinta) གཉིས་ཀྱི་འདྲ་པར། བྷོ་ལི་ཝུཊ (Bollywood) ཀྱི་གློག་བརྙན་ཝིར་ཛ་ར་ (Veer-Zaara) ལས།

འོན་ཀྱང་ང་ལོ་བཅུ་དྲུག་ལོན་པའི་སྐབས་ཀྱི་སྒྲུང་དེ་ནི་གོང་ལས་གཞན་དུ་གྱུར་པ་ཞིག་སྟེ། སླར་ཡང་བུད་མེད་ཅིག་དང་ཐུག་འཕྲད་བྱུང་ཡང་། ཐུག་སའི་ས་ཆ་ནི་འབྲིང་རིམ་སློབ་གྲྭའི་ཇ་ཁང་དང་། ཆང་ཁང་ལྟ་བུ་མིན་པར་ཆོས་ཀྱི་ཕྱིར་དུ་འདུ་འཛོམས་བྱེད་ས་ཞིག་ལ་རེད། ད་ལམ་ངའི་དམིགས་པ་གཏད་སའི་བུད་མེད་ནི་ཕཱ་རན་སི་ (France) ནས་ཡིན་པའི་མགོ་སེར་མོ་ལོ་བཞི་བཅུ་ལོན་པ་ཞིག་རེད། ཁོ་མོ་པེ་རི་སི་ (Paris) ནས་བལ་ཡུལ་དུ་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་སྐུ་མདུན་ལ་ཆོས་ཞུ་སར་སླེབས་འདུག མོ་ཉིན་ལྟར་དུག་སློག་མ་འདྲ་བ་རེ་གྱོན་ནས་སླེབས། སྐབས་རེ་པུས་མཚམས་ཀྱི་ཚད་གཞི་ཅན་གྱི་སྨད་གཡོག (skirt) ཆུང་ཆུང་དེ་འདྲ་གྱོན། སྐྱིལ་ཀྲུང་བཅས་ནས་སྡོད་པ་ལ་གོམས་འདྲིས་མེད་པས་ཡང་ཡང་རྐང་པ་བརྐྱང་བསྐུམ་བྱས། དུས་ཚོད་ངེས་ཅན་ཞིག་དང་སྟབས་བསྟུན་ནས་བལྟས་ན་ཁོ་མོའི་རྐང་པ་དང་རྐང་ཤུབས་དབྱིབས་ཅན་གྱི་སྨད་གོས་ཕྱི་གསལ་ནང་གསལ (stocking) དེ་ཡང་མཐོང་། མོ་ལ་དེ་འདྲ་བའི་སྨད་གོས་སྲབ་མོ་སྣ་ཁ་མི་འདྲ་བ་མང་པོ་འདུག དེ་ཡང་འགའ་ཤས་ཉའི་ཐིག་རིས་ལྡན་པ་ (fishnet ) དང་། ཁ་ཤས་ཐིག་རིས་མེད་པའི་དཀྱུས་མ (hose) ལྟ་བུའོ།། ཁོ་མོ་ལ་གནས་སྐབས་ཞེན་ཅིང་ཆགས་པའི་ཚོར་བ་དེ་ནི་མོའི་བྱེད་སྟངས་ཀྱི་ཆ་ལ་ཡིན། གང་ལྟར་ཁོ་མོ་ལ་བརྟེན་ནས་བདག་ལ་ཕཱི་རན་སི (France) ཡི་ཆས་གོས་ཀྱི་དར་སྲོལ་ངོ་སྤྲོད་བྱུང་བར་བཤད་ཀྱང་ཆོག  སྐབས་དེ་དུས་མོས་བྱུག་པའི་མཆུ་ཚོས་དང་། མིག་གི་རྫི་མ་དང་། སྨིན་མ་མཛེས་བཟོ་བྱེད་ལུགས་རྣམས་ཕཱ་རན་སེ (France) ཡི་ཐུན་མིན་གྱི་དངོས་པོ་ཡིན་པ་ཤེས་རྟོགས་མ་བྱུང་། མོའི་ཁ་ནས་ཐོན་པའི་ཕཱ་རན་སེ (France) ཡི་སྒྲ་གདངས་དེ་ཡང་ངའི་རྣ་བར་སྙན་པོ་ཞིག་ཚོར་བྱུང་། མོ་ག་དུས་སླེབས་ན་ཡང་ལུས་ལ་བྱུག་པའི་དྲི་བཟང་སྔར་དང་གཅིག་པ་མིན་པར་བཤད་ཚོད་ཐུབ། དེ་དུས་མོས་བྱེད་སྟངས་འདི་གཞན་གྱི་ཡིད་དབང་འགུག་ཐབས་ཤིག་ཡིན་པ་ངས་ཤེས་མ་སོང་། གང་ཡིན་ཟེར་ན། དེ་སྐབས་ང་ལ་གཞན་གྱི་ཡིད་དབང་འགུག་པར་བྱེད་ཅེས་པའི་གོ་རྟོགས་ཅི་ཡང་མེད།

ངས་གནས་ཚུལ་འདི་ཚོ་ཚང་མ་ཕྱིར་དྲན་བྱེད་ཐུབ་ཀྱང་། མོའི་མིང་གང་ཡིན་པ་དྲན་གྱི་མིན་འདུག གཅིག་བྱས་ན་མོ་ད་ཚོད་འདས་གྲོངས་སུ་གྱུར་ཚར་མེད་ན་སྙམ། མོ་ཆོས་ཞུ་སར་མ་སླེབས་པའི་སྐབས་ཁོ་མོ་སླེབས་ཡོད་མེད་ཡང་ཡང་ལྟ་ཡི་ཡོད། འོན་ཀྱང་དེའི་ཐད་དཔེ་མེད་གཟབ་གཟབ་བྱེད་དགོས། དགེ་རྒན་གྱིས་ང་ལ་ལྟ་སྲུང་བྱེད་པ་མ་ཟད། དེར་གནས་སྤྲུལ་སྐུ་ན་གཞོན་རྣམས་ཀྱི་མིག་ཀྱང་གང་ལས་གསལ་བ་ཡོད། ང་གང་དུ་སྡོད་པའི་གནས་དེ་ནི་སྒེའུ་ཁུང་གི་ཉེ་འགྲམ་ཞིག་ཡིན་ལ། གནས་དེ་ནས་མོའི་ཕྱོགས་ལ་དངོས་སུ་མ་བལྟས་ཀྱང་གྲིབ་གཟུགས་ལ་བརྟེན་ནས་མོ་ཡོད་མེད་དཔོག་ཐུབ། ཁོ་མོས་ཏན་ཏན་ངས་དོ་སྣང་བྱེད་ཀྱི་ཡོད་པ་ཤེས་ཡོད།

lady

གསང་གཏམ་འདི་གྲོགས་པོ་གཅིག་ཁོ་ནར་བཤད་པ་ཡིན། ཁོང་གི་མིང་གང་ཡིན་པ་འདིར་བསྒྲགས་མི་ཐུབ། ཁོ་མོ་ཤིན་ཏུ་ཡིད་དབང་འཕྲོག་པར་སྣང་བའི་གསང་གཏམ་དེ་ཁོང་ལ་བཤད་སྐབས་ཁོང་ཧང་སང་བྱུང་། པགས་ནད་ཀྱིས་ཁྱབ་པའི་བུད་མེད་འདི་ལ་ངས་ཡོན་ཏན་གང་མཐོང་ནས་སེམས་པ་ཤོར་བ་ཁོའི་བསམ་ཡུལ་ལས་འདས། སྒོས་སུ་སྐྲ་དམར་པོ་དང་གྲོ་ཐིག་ཅན་གྱི་བུད་མེད་ལ་སེམས་ཤོར་བར་སྨྲས་པ་ནི། རང་ལུས་ལ་འབར་རྫས་བཏགས་ནས་རང་ཤི་རྒྱག་རྒྱུའི་གཏམ་སྨྲས་པ་དང་གཅིག་མཚུངས་སུ་གྱུར། དེས་ན་གནས་ཚུལ་དེ་ཤིན་ཏུ་གསང་དགོས་པའི་གནས་སུ་གྱུར། བོད་པ་ཚོས་བུད་མེད་དེ་མཛེས་མ་མ་མཐོང་བར་ཡག་པོ་བྱུང་བ་རེད། གང་ཡིན་ཟེར་ན་དེའི་རྐྱེན་པས་བདག་གིས་བུ་མོ་དེ་ལ་དོ་སྣང་བྱེད་ཀྱི་མེད་མདོག་མདོག་བྱེད་རྒྱུ་ལས་སླ་རུ་ཕྱིན་སོང་། ག་དུས་ཡིན་ན་ཡང་རང་གི་ཚོར་བ་ཧ་ཅང་སྦས་གསང་བྱེད་དགོས་བྱུང་། ལམ་ལྷོང་བྱུང་སྟེ་དུས་དེའི་བར་དུ་བདག་ཚུལ་འཆོས་བྱ་རྒྱུར་ཤིན་ཏུ་བྱང་ཆུབ་པར་གྱུར་ཡོད། འོན་ཀྱང་མགོ་ལ་སྐྲ་དམར་པོ་དང་ལུས་ལ་གོས་ཁྲ་གྱོན་པའི་བུད་མེད་འདྲ་མིན་དང་ཕན་ཚུན་བརྡ་འབྲེལ་བྱེད་བཞིན་དུ་ཚུལ་ཁྲིམས་ལྡན་པའི་རིན་པོ་ཆེ་ཞིག་ཡིན་མདོག་བྱེད་རྒྱུ་དཀའ་ལས་ཁག་ཙམ་བྱུང་།

freckles

བརྩེ་དུང་གི་རྣམ་པ་དེ་ནི་ཆེས་བློ་ལ་བབས་པོ་ཞིག་ཡོད། གང་ཡིན་ཟེར་ན་ངེད་གཉིས་བར་ཐུན་མོང་དུ་གྲུབ་པའི་སྐད་རིགས་ཅིག་མེད། ངས་དབྱིན་སྐད་དེ་ཙམ་མི་ཤེས་ལ། མོས་ཀྱང་ཐར་ཐོར་ལས་ཤེས་ཀྱི་མེད། མོ་དང་མཉམ་དུ་སྐད་ཆ་ཙམ་བཤད་རྒྱུའི་གོ་སྐབས་འཚོལ་བ་ལ་གཡོ་སྒྱུ་དང་རྫུན་གཏམ་མང་པོ་བཤད་དགོས་ཐུག་གི་ཡོད། དེ་ཡང་ང་མོ་དང་མཉམ་དུ་ཡོད་ཀྱང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་སྐུ་མདུན་དུ་ཡོད་ཚུལ་བཤད་པ་ལྟ་བུ་རེད། མོས་མོ་རང་གི་ཚད་གཞི་ངེས་ཅན་གྱི་དབྱིན་སྐད་དང་། ངས་རང་གི་འདང་ངེས་མེད་པའི་དབྱིན་སྐད་སྟེང་ནས་ཐེངས་ཁ་ཤས་སྐད་ཆ་བཤད་པ་ཡིན། སྐད་ཆ་རྣམས་རྒྱབ་ལྗོངས་དང་རྒྱུ་མཚན་གང་ཡང་མེད་པར་མདོར་བསྡུས་ནས་བཤད་དགོས་པ་དང་། ལན་གྲངས་དུ་མར་སྐད་ཆའི་བཤད་མཚམས་མ་རྫོགས་གོང་གནས་དེ་ནས་འགྲོ་དགོས་པའང་བྱུང་། གང་ལྟར་མོ་དང་མཉམ་དུ་ཡོད་སྐབས་ལས་ཀ་ཚང་མ་འཚབ་འཚུབ་དང་བཅས་བྱེད་དགོས་ཐུག ངའི་བྱ་སྤྱོད་དེ་དག་ལ་བརྟེན་ནས་མོ་མགོ་འཁྲུགས་ཡོད་ངེས་རེད། མོས་ངའི་གནས་སྟངས་ཇི་ལྟར་ཡིན་མིན་གཏན་ནས་མ་ཤེས་པར་ང་ལ་ཇ་འཐུང་ས་དང་། འཆམ་འཆམ་འགྲོ་བའི་ཆེད་དུ་འབོད། དེ་ནི་བརྩེ་དུང་གི་ཚོད་ལྟའི་མགྲོན་བརྡ་ཡིན་སྙམ།  འོན་ཀྱང་དེ་ལྟ་བུའི་མགྲོན་བརྡ་ངོས་ལེན་ཞུ་རྒྱུ་ནི་གཏན་ནས་མི་སྲིད་པ་ལྟ་བུར་གྱུར། ངས་ཆུ་ཚོད་གཅིག་གི་རིང་ཡང་དགེ་རྒན་ལས་དགོངས་པ་ཞུ་མི་ཕོད། བདག་ལྟ་བུར་མཚོན་ན་སྐར་མ་བཅུའི་རིང་སྐད་ཆ་བཤད་རྒྱུའི་གོ་སྐབས་རག་རྒྱུ་ཡང་ཕལ་ཆེར་མི་སྲིད་པ་ཞིག་རེད། མོས་ང་ལ་མོ་དང་མཉམ་དུ་རི་རྩེར་གོམ་འགྲོད་བྱས་ནས་འགྲོ་ཡང་ལབ་བྱུང་། མོས་དེ་ལྟར་བཤད་པ་ནི། ཁོ་བོ་རོགས་པ་མེད་པར་གཅིག་པུ་འགྲོ་ཆོག་པའི་ས་ཆ་དེ་ནི་གསང་སྤྱོད་ལས་གཞན་མེད་པ་མ་ཤེས་པས་རེད། གསང་སྤྱོད་མ་ཡིན་པའི་ས་ཆ་གཞན་གང་དུ་ཕྱིན་ཀྱང་ཞབས་ཕྱིའམ། གྲྭ་པ། ཡང་ན་བླ་མ་ཞིག་གིས་ངའི་གཡོ་འགུལ་ཡོངས་རྫོགས་ལ་རྗེས་འདེད་བྱེད།   ད་དུང་ང་ནི་གོ་གནས་ཆེ་བའི་བླ་མ་དེ་འདྲ་གང་ཡང་མིན། གོ་གནས་ལྡན་པའི་བླ་མ་རྣམས་དཀའ་ངལ་ཇི་ཙམ་མྱོང་གི་ཡོད་ས་རེད་ཚོད་དཔག་ཅིག་བྱོས་དང་། རིམ་བཞིན་ངེད་གཉིས་ཀྱིས་ཕན་ཚུན་གྱི་གནས་སྟངས་དང་དམིགས་ཡུལ་ལ་བསམ་གཞིག་ཐུབ་པ་བྱུང་། མོ་ནི་ནར་སོན་པའི་བུད་མེད་ཅིག་ཡིན་སྟབས་གློ་བུར་གྱི་ཞེན་ཆགས་ལ་ལྟ་སྟངས་ཇི་ལྟར་དགོས་མིན་གསལ་པོར་ཤེས་ཤིང་། བློ་གུ་ཡངས་པས། ང་ལ་ལོག་སྤྱོད་བྱེད་ཐབས་ཀྱང་མ་བྱས།

ཉིན་ཞིག་གི་དགོང་མོ་ང་ཚོ་མང་པོ་ཞིག་ཕཱ་རན་སི་  (France) ཡིན་གཞུང་ཚབ་བམ་ཚོགས་པ་ཞིག་གིས་གཞུང་འབྲེལ་གྱི་དགོང་ཚིགས་ཆེད་དུ་མགྲོན་དུ་འབོད། ས་གནས་དེ་ཕལ་ཆེར་ཟ་ཁང་ཞིག་གམ་སྒེར་གྱི་ཚོགས་ཁང་ཞིག་ཡིན་པ་ལས་གཞུང་ཚབ་ཁང་རེད་མི་འདུག དེར་མགོ་དམར་གྱི་བུད་མེད་དེའི་གཙོས་པའི་མི་མང་པོ་སླེབས་འདུག སྤྲུལ་སྐུ་གཞོན་པ་གཞན་དག་ཚང་མ་དགོང་ཚིགས་ཚབ་ཏུ་གློག་བརྙན་བལྟ་སར་ཕྱིན་པས། ང་རང་གཅིག་པུ་དེར་འགྲོ་དགོས་འཁེལ། ཟ་ཁང་ནང་དུ་ཟས་སྣ་ཡོངས་ཅོག་ཙེའི་སྟེང་དུ་བསྒྲིགས་ཏེ་རང་གི་འདོད་པ་ལྟར་འདེམ་སྒྲུག་བྱེད་དགོས་པའི་ལམ་ལུགས་དེ་ནི་ང་ལ་ཉམས་མྱོང་གསར་པ་ཞིག་ཡིན། མི་ཚང་མ་ཕྱི་རོལ་དུ་གླེང་མོལ་ལ་རོལ་བཞིན་པའི་སྐབས་བལ་ཡུལ་གྱི་ཕྲུ་གུ་གཞོང་པ་ཐོགས་པ་རྣམས་ཀྱིས་མངར་ཟས་འདེགས་འབུལ་ཞུས། མི་ཚོགས་རྣམས་ཁང་པའི་ཕྱི་དང་ནང་དུ་ཡར་འགྲོ་མར་འགྲོ་བྱས། བུད་མེད་དེ་ངའི་སར་སྐད་ཆ་བཤད་སར་སླེབས་བྱུང་། མོ་ཕལ་ཆེར་ཅུང་ར་བཟི་ཡོད་པ་འདྲ། འོན་ཀྱང་དེ་དུས་ར་བཟི་བའི་དོན་དང་རྟགས་རྣམས་གང་ཡིན་པ་ངས་མི་ཤེས། བོད་པ་དང་འབྲུག་པའི་བུ་མོ་ཚོ་ར་བཟི་བའི་སྐབས་ངའི་སར་ཡོང་རྒྱུའི་བློ་ཁོག་མེད། ད་ལྟ་བསམ་བློ་བཏང་དུས་མོ་ཏན་ཏན་ར་བཟི་ཡོད་པར་མངོན།

garden-bench-surrounded-by-catmint-beautiful-high-impact-and-virtually-no-maintenance

ང་ཚོ་གཉིས་ཤིང་གི་ར་བ་ཆེན་པོ་ཞིག་གི་འགྲམ་དུ་ཡོད་པའི་རྐུབ་བཀྱག་ནར་མོའི་སྟེང་དུ་བསྡད་པ་ཡིན། ཕྱོགས་གཞན་ཏེ་གློག་འོད་གསལ་ལ་མ་གསལ་ཡོད་པའི་གནས་སུ་ཚང་མ་ཕན་ཚུན་སྐད་ཆ་བཤད་རེས་དང་། གྲང་མོ་འཐུང་བ། དེ་བཞིན་ཅོག་ཙེ་སྟེང་དུ་སྒྲིག་གཤོམ་བྱེད་པའི་ཟས་སྣ་རྣམས་ལོངས་སུ་སྤྱོད་བཞིན་མགོ་འཁོར་ནས་བསྡད་འདུག འོན་ཀྱང་ངེད་གཉིས་ཡར་མ་ལངས་ནས་དེར་བསྡད། གློག་འོད་གསལ་པོ་མེད་པ་དང་། སྐད་ཡིག་མ་འདང་བའི་རྐྱེན་གཉིས་འཛོམས་པ་དེས་ང་ཚོ་གཉིས་ཀྱི་བར་གླེང་མོལ་བྱེད་པར་ཕན་ཐོགས་སོང། གང་ཡིན་ཟེར་ན། མོ་ག་ལེ་ག་ལེ་ང་དང་ཉེ་སར་ནུད་ནས་སླེབས། ངས་མོ་ལ་བལྟས་པ་ལས་མོས་ང་ལ་མང་བ་བལྟས་བྱུང་། དེའི་རྒྱུ་མཚན་ཡང་། མོས་ང་ལ་བལྟས་བ་དང་ངའི་མིག་ཕྱོགས་གཞན་དུ་ལྟ་ཡི་ཡོད་པས་རེད།

གློ་བུར་དུ་མོས་ངའི་ལག་པ་ཟིན་ནས་རང་གི་སྟོད་ཐུང་གི་འོག་ཏུ་བཅུག་སོང་། མོའི་གློ་བུར་གྱི་བྱེད་སྟངས་འདི་ལ་ང་ཧང་སང་སྟེ། རང་གི་ཚོར་བ་སྦས་པའི་ཆེད་དུ་གང་བྱེད་དགོས་མ་ཤེས་པར་ལྷག ངའི་ལྷན་སྐྱེས་ཀྱི་བག་ཆགས་ཀྱིས་ལག་པ་ཚུར་འཐེན་ནས་ལག་པའི་དྲི་མ་སྣོམ་ཞེས་བསྐུལ་བ་བཞིན་བྱས་པས། མོས་ཡང་བསྐྱར་ངའི་ལག་པ་མོའི་སྟོད་ཐུང་གི་འོག་ཏུ་བཞག་ནས་ཡང་བསྐྱར་བྱོས་དང་ལབ་སོང་། དགོང་མོ་དེར་ནང་དུ་ལོག་ཚར་བའི་རྗེས་སུའང་ངའི་ལུས་ཀྱི་པགས་པའི་སྟེང་མོའི་དྲི་མ་ཚོར། ཉིན་རྗེས་མར་ངས་རང་གི་ལག་པ་དང་གདོང་རྣམས་གཙང་མ་བཀྲུས་ན་ཡང་། ཆོས་ཞུ་སར་སླེབས་དུས་དྲི་ཞིམ་དེ་ཁ་ནས་འདུག་པས་གཞན་གྱིས་ཚོར་མི་འོང་ངམ་སྙམ་སྟེ་སེམས་ཁམས་བདེ་པོ་གཏན་ནས་མ་བྱུང་།  མོའི་དྲི་ཞིམ་དེ་ཡུན་རིང་པོའི་བར་ངའི་ལུས་ལས་མ་ཡལ་བར་གནས།

ཨ་རུན་དྷཏྟི་རོ་ཡི་ (Arundati Roy) ཡིས། “ངེས་པ་མེད་ཅིང་བརྟན་པོ་མེད་པའི་དུས་དེ་དག་གི་རིང་སྟེ་ནམ་ཞིག་རྟོག་པའི་འཆར་སྒོ་སྤྲོ་རྒྱུ་འགོ་བཙུགས་པ་དང་། ནམ་ཞིག་མི་ཚེ་ནི་གྲབས་ཀྱིས་ཁེངས་ལ་ཟིན་པ་མེད་པ་དང་། ཐམས་ཅད་ཀྱང་རྟག་པ་ལྟ་བུར་སྣང་བའི་ཚེ་་་་” གློ་བུར་གྱི་ཆགས་པའི་ཚོར་བ་དེ་ལྡང་འོངས་ལ། སྐྱེ་བོ་གཞན་ཞིག་རང་གི་ཆེད་དུ་ཡོད་དགོས་པའི་ཚོར་སྣང་དེའང་འགོ་འཛུགས།

 

 

0 Comments

Submit a Comment

Your email address will not be published. Required fields are marked *