ཕལ་ཆེར་བོད་བརྒྱུད་ནང་བསྟན་གྱི་ནང་ན་ཡོད་པའི་ཆོས་ཀྱི་དངོས་གཙོ་སྨྲ་བའི་ལམ་ལུགས་གྲགས་ཆེ་ཤོས་དེ་ནི་བླ་བྲང་ཟེར་རྒྱུ་དེ་རེད།  བླ་བྲང་ཞེས་པའི་མིང་དོན་ནི། བླ་ནི་བླ་མའི་མིང་བསྡུས་པ་ཡིན་ལ། བྲང་ནི་ཚང་སྟེ་དོན་ངོ་མར་བླ་མ་གནས་སའི་ཁྱིམ་ལ་ཟེར།

རྒྱལ་སྲས་གཞོན་ནུ་དོན་གྲུབ་སངས་རྒྱས་པའི་རྗེས་སུ་ཁོང་དང་ཁོང་གི་སློབ་མ་རྣམས་ནགས་ཚལ་དང་བྲག་ཕུག་དག་ཏུ་བཞུགས། རིམ་བཞིན་རྒྱལ་པོ་དང་ཚོང་པ་རྣམས་ཀྱིས་རང་གི་ནགས་ཚལ་དང་ལྡུམ་ར་སོགས་སྟོན་པ་འཁོར་དང་བཅས་པ་ལ་བཞུགས་གནས་ཀྱི་ཆེད་དུ་ཕུལ། རྒྱལ་པོ་རྒྱལ་བྱེད་ཀྱི་ཚལ་དང་། ནྱ་གྲོ་དྷ་སོགས་བྱིན་རླབས་ཅན་གྱི་གནས་ཏེ་སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་གསུངས་པ་དང་། སྒོམ་བརྒྱབ་པ། དེ་བཞིན་བཞུགས་གནས་སུ་མཛད་པ་དེ་དག་ད་དུང་མཇལ་རྒྱུ་ཡོད། རྒྱ་གར་ནང་དུ་ནང་ཆོས་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པའི་སྐབས་སུའང་རྒྱས་སྤྲོས་ཀྱི་རྣམ་པ་དེ་ཙམ་བྱུང་མེད། བི་ཀྲམ་ཤཱི་ལ་དང་། ནཱ་ལཎྜ་ལྟ་བུའི་མཐོ་སློབ་དང་། སློབ་སྦྱོང་གི་བསྟི་གནས། དེ་བཞིན་དགོན་པ་ཆེན་པོ་མང་པོ་བཙུགས་ཡོད་མོད། འོན་ཀྱང་དེང་གི་ཡར་རྒྱས་གོང་འཕེལ་གྱི་དུས་སྐབས་འདིར་མངའ་བའི་བླ་བྲང་གི་དཔལ་ཡོན་ནི་དེ་དག་གང་གིས་ཀྱང་འགྲན་མི་བཟོད་པ་ཞིག་རེད།

སངས་རྒྱས་ཀྱི་ཆོས་འདི་ཉིད་རྒྱ་གར་ནས་བརྒྱུད་དེ་བོད་དུ་དར་འགོ་བཙུགས་ནས་མྱུར་བར་བོད་པ་ཚོས་ཀྱང་ཧ་ཅང་གཅེས་སྐྱོང་མཛད། དེ་ཡང་བོད་དུ་ཡུན་རིང་མ་ཐོགས་པར་ནང་ཆོས་ས་དར་རྡོ་དར་དུ་ཕྱིན་པའི་རྒྱུ་རྐྱེན་ཞིག་ནི། རྒྱ་གར་ནི་ཆོས་ལུགས་སྣ་འཛོམས་ཀྱི་རྒྱལ་ཁབ་ཅིག་ཡིན་ལ་བོད་ནི་དེ་དང་མི་མཚུངས་པར་ཡོངས་གྲགས་ཀྱི་ཆོས་ལུགས་རེ་འགའ་ལས་མེད་པས་ནང་ཆོས་འདི་ཉིད་གཞན་རྣམས་ལས་གྲགས་ཆེ་བར་གྱུར། རྒྱུ་མཚན་དེ་ལ་བརྟེན་ནས་དམ་པའི་ཆོས་འཆད་ཉན་གྱི་འགན་ཁུར་བཞེས་པའི་སྐྱེ་བོ་རྣམས་ཀྱིས་བོད་ཀྱི་ཆབ་སྲིད་ལ་ཤུགས་རྐྱེན་རྒྱ་ཆེར་ཐེབས་ཡོད།  བླ་མ་རྣམས་ལ་དགེ་རྒན་གྱི་ཆེ་མཐོང་ཐོབ་པ་མ་ཟད། དེ་དག་ལས་ཁ་ཅིག་གིས་འཇིག་རྟེན་པའི་བྱ་གཞག་གཞན་ལའང་ཤུགས་རྐྱེན་མཛད། བླ་མས་འཇིག་རྟེན་བླང་དོར་གྱི་དཀའ་རྙོག་ཐད་ལ་ཐེ་བྱུས་བྱེད་པ་དེ་གསར་པ་གང་ཡང་མིན། དེ་ཡང་དཔེར་ན་ཆང་ས་ལན་གཉིས་པ་ཡན་ཆད་རྒྱག་རྒྱུ་དང་ས་ཆའི་དཀའ་རྙོག་ལྟ་བུ་རྫོང་དཔོན་དང་། ཁྲིམས་ཁང་། དེ་བཞིན་རྒྱལ་པོ་སོགས་ཀྱིས་ཐག་མ་ཆོད་པའི་དཀའ་རྙོག་རྣམས་ཀྱང་བླ་མས་སེལ་ཐབས་བྱས་ཡོད། བླ་མ་རྣམས་ཀྱི་བླ་བྲང་ནི་ལས་ཁུངས་ཀྱི་བསྟི་གནས་སུ་གྱུར་ཡོད་ལ། དེས་གང་ཟག་སྒེར་དང་། དགོན་པ་གཉིས་ཆར་གྱི་ཁྲིམས་ལུགས་ལ་གནོན་ཤུགས་ཆེན་པོ་སྤྲད་ཡོད། བླ་མ་རྣམས་ཀྱིས་འབད་རྩོལ་ནན་པོ་བྱས་པ་ལ་བརྟེན་ནས་རྒྱ་ནག་དང་སོག་པོའི་མི་རིགས་མང་པོ་ཞིག་བླ་མ་དེ་དག་གི་བསྟན་པའི་སྦྱིན་བདག་ཏུ་གྱུར་ཏེ་ཡོན་རྒྱ་ཆེར་ཕུལ། དཔལ་འབྱོར་གྱི་ནུས་ཤུགས་དེ་དག་ལ་བརྟེན་ནས་བོད་ཀྱི་བླ་མ་རྣམས་ཀྱིས་ཆབ་སྲིད་ཀྱི་ཕྱག་ལས་གནང་འགོ་བཙུགས། དེའི་རྐྱེན་གྱིས་བླ་བྲང་རྣམས་སྔར་ལས་ནུས་སྟོབས་དང་དབང་ཐང་ཆེ་བར་གྱུར།

བླ་བྲང་རིམ་པ་འབྲིང་ཙམ་ནང་ལ་ཡང་གོ་གནས་ཆེན་པོའི་མཚན་གནས་དང་ལྡན་པའི་ལས་བྱེད་གང་འཚམ་ཚུད་ཡོད། དཔེར་ན་བླ་མ་སྐུ་སྒེར་གྱི་གཟིམ་ཆུང་སོགས་ལ་ལྟ་རྟོག་བྱེད་མཁན་གྱི་གཟིམ་དཔོན་དང་།  གསོལ་དཔོན་སྟེ་བླ་མའི་བཞེས་ལག་སོགས་ཀྱི་མགོ་ལ་ལྟ་མཁན་དང་། མཆོད་པའི་རྫས་ཀྱི་གྲ་སྒྲིག་བྱེད་པ་པོ་མཆོད་དཔོན་དང་། ཕྱག་མཛོད་ནི་བླ་བྲང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་མཁན་ཡིན་ཅིང་ལས་བྱེད་དེ་དག་ལས་གོ་གནས་མཐོ་ཤོས་བཞེས་མཁན་དེ་ཡིན། ཕྱག་མཛོད་ལ་བླ་བྲང་གི་རྒྱུན་གྱི་བྱ་གཞག་གང་འདྲ་བྱེད་དགོས་མིན་ཐད་དབང་ཆ་ཆ་ཚང་ཡོད་པ་མ་ཟད། རྩ་ཆེ་བའི་རྒྱུ་དངོས་པོ་དང་ས་ཆ་རྣམས་ལའང་དབང་ཆ་དང་ཐོབ་ཐང་ཧ་ཅང་ཆེན་པོ་ཡོད། རྒྱུ་དངོས་པོ་དེ་དག་གི་ནང་དུ་ཆོས་ཆས་སྐུ་འདྲ་དང་། སྐུ་གདུང་རིང་བསྲེལ། དེ་བཞིན་གཡག་དང་ར་ལུག་སོགས་ཀྱི་མགོ་བརྒྱ་སྟོང་ཡང་ཡོད་སྲིད། བླ་མ་ཁ་ཤས་དུས་རབས་བར་མའི་སྐུ་དྲག་གམ་ཁྲིམས་བདག་ལྟ་བུ་རང་གི་མངའ་འོག་ཏུ་ཁྱིམ་ཚང་མང་པོ་བསྡུས་ནས་གནས་ཡོད།

གནད་གལ་ཆེ་ཤོས་ཤིག་ནི། བླ་མ་འདས་གྲོངས་སུ་གྱུར་ཚེ་བླ་མའི་ཡང་སྲིད་རྩད་གཅོད་བྱ་རྒྱུ་དང་། ཡང་སྲིད་སྐྱེད་སྲིང་བྱ་རྒྱུའི་ལས་འགན་ཡོངས་རྫོགས་ཕྱག་མཛོད་ལ་འབབ་ཀྱི་ཡོད། ཕྱག་མཛོད་ཀྱི་ལོས་རྒྱུས་ནི་ཡག་སྡུག་སྣ་ཚོགས་རེད། ཕྱག་མཛོད་འགའ་ཤས་བླ་མའི་དགོངས་པ་ཆོས་དང་མཐུན་པར་སྒྲུབ་པ་དང་། གཞན་གྱིས་སྤྱི་རྒྱུ་སྒེར་བདག་བྱས་ཤིང་ལྐོག་ཟ་རུལ་སུངས་བྱས་ནས་བླ་བརྒྱུད་ཀྱི་མཚན་སྙན་འཛད་ཡོད་ལ། འགའ་ཤས་བླ་མའི་བཀའ་སྒྲུབ་རྒྱུ་དང་ལྐོག་ཟ་རུལ་སུངས་གཉིས་ཀ་འདྲེས་ནས་བྱས་པ་དང་། དེ་ལས་གཞན་གྱིས་གཉིས་ཀ་མ་བྱས་པའང་ཡོད།

མཁྱེན་རྟོགས་དགོས་པ་ཞིག་ནི། དོན་གྱི་རྣལ་འབྱོར་པ་ཕལ་ཆེར་ལ་དེ་ལྟ་བུའི་རྒྱུ་ནོར་དང་། འཇིག་རྟེན་པའི་མཁོ་ཆས་མང་པོ་མེད་ན་ཡང་ཁོང་རྣམས་ཀྱིས་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དཔེར་ན་རྗེ་མེ་ལ་རས་པ་ལྟ་བུར་མཚོན་ན་ཉིན་གཅིག་གི་ཟ་མ་བཟའ་རྒྱུ་ཡོད་དང་མེད་ལྟ་བུ་ཡིན་ལ། དཔལ་སྤྲུལ་རིན་པོ་ཆེར་མཚོན་ན་ཡང་རྒྱུན་དུ་རྫི་བོ་རྣམས་དང་ལྷན་དུ་ལྗོངས་རྒྱུར་ཕེབས་ཏེ་དབུ་ཐོག་ཏུ་ཀ་བ་དང་གདུང་མས་སྟེགས་པའི་ཐོག་པང་ཙམ་ཡང་མེད། དེ་བཞིན་དུ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཁོང་ལ་ཡང་མང་ཚོགས་དང་རྒྱལ་ཁབ་ཀྱི་ཆབ་སྲིད་གང་གིས་ལྟར་ན་ཡང་ཁོང་ནི་གོ་གནས་ཆེན་པོ་ལྡན་པའི་བླ་མ་ཞིག་གཏན་ནས་མིན། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གནས་སྟངས་འདི་ད་ལྟ་ནས་ཤེས་དགོས་པ་ཤིན་ཏུ་གལ་ཆེན་པོར་གྱུར་ཡོད། དེ་ལྟར་ཡིན་པའི་རྒྱུ་མཚན་ཡང། མ་འོངས་པར་མཁྱེན་བརྩེའི་ཡང་སྲིད་འབྱུང་སྲིད་ལ། དེས་ན་གལ་སྲིད་ཁོང་གིས་རང་གི་སྐུ་ཚེ་གོང་མས་བཞག་པའི་གོ་གནས་ལ་རྩོད་ན་དེ་ནི་ངོ་ཚ་དང་ཁྲལ་བོར་བའི་རྫུན་གཏམ་ཞིག་རེད། གོོ་གནས་ནི་རྒྱུན་དུ་འཇམ་འབྱངས་མཁྱེན་བརྩེ་དབང་པོས་ཞེ་གཏིང་ནས་དོར་བའི་དངོས་ཆོས་ཤིག་རེད། རྨད་དུ་བྱུང་བའི་རྫོགས་ཆེན་དང་ཕྱག་ཆེན་གྱི་རྣལ་འབྱོར་པ་ཆེན་པོ་མཁན་ཆེན་གངས་ཤར་གྱིས་རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱས་པ་ནི་དོན་ལ་ཆོས་ཀྱི་ཞབས་ཞུ་རྒྱ་ཆེན་པོ་ཞིག་ཆགས་ཡོད་གསུངས།

བླ་མ་གངས་ཤར།

འོན་ཀྱང་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཁོང་ཉམས་ལེན་གྱི་གོ་འཕང་ཆེན་པོར་སྙེགས་པས་སྐྱེ་བོ་མང་པོས་གུས་ཤིང་བཀུར་བར་བྱེད་ཅིང་། ཁོང་ལ་སློབ་མ་དུ་མ་ཡོད་པ་ལས་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གོ་གནས་ལྡན་པའང་མཆིས། གནས་སྟངས་དེ་ལ་བརྟེན་ནས་མཁྱེན་བརྩེ་བླ་བྲང་མ་བྱུང་ཐབས་མེད་དུ་གྱུར་པ་རེད། འོན་ཀྱང་དེ་སྐབས་ཀྱི་རྒྱས་སྤྲོས་ལྡན་པའི་བླ་བྲང་གཞན་དང་བསྡུར་ན་རིན་པོ་ཆེ་ཁོང་གི་བླ་བྲང་གི་རྒྱ་ཁྱོན་ནི་རྒྱ་གྲོ་མའི་སྦུག་ཙམ་ལས་མེད།

༧སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་སྐུ་དུས་སུ་མཁྱེན་བརྩེ་བླ་བྲང་གི་ཕྱག་མཛོད་ནི་རིན་པོ་ཆེའི་ཚ་བོ་ཚེ་དབང་དཔལ་འབྱོར་རེད། ཕྱི་ལོ ༡༩༥༠ ལོར་བླ་བྲང་དུ་ཇ་དང་ཟས་རིགས་དུ་མ་ཞིག་ཉོས་དགོས་བྱུང་ཡོད། བཟའ་བཏུང་གི་རིགས་དེ་དག་ཚིན་དུ་ (Chengdu) དང་ཟི་ལིང་ (Xining) ནས་ནང་འདྲེན་བྱས་ཀྱི་ཡོད་པས་ཚོང་པ་ཚོར་ཁེ་ཡག་པོ་ཐོབ། མཁྱེན་བརྩེ་བླ་བྲང་ཡང་ཚོང་པ་དེ་དག་ལས་ཁྱད་པར་གང་ཡང་མེད། ཕྱག་མཛོད་ཚེ་དབང་དཔལ་འབྱོར་གྱིས་ཚོང་ཟོང་དེ་དག་ཨོར་འདྲེན་བྱ་ཕྱིར་སྡེ་དགེ་ནས་རྟ་དང་དྲེའུ་མང་པོ་ཡང་ཡང་མངགས། ཚོང་ཟོག་རྣམས་ཁྱེར་ནས་འགྲུལ་བཞུད་བྱེད་པར་ལས་སླ་མོ་མེད། གང་ཡིན་ཟེར་ན། དེ་སྐབས་སྤྱི་ཚོགས་ནང་ཇག་པ་རྒྱག་རྒྱུ་ཤིན་ཏུ་དར་བའི་དུས་སྐབས་རེད།  ཁམས་པ་ཚོ་དམག་ཏུ་དཔའ་ངར་ཇི་ལྟར་བསྟན་ཡོད་མེད་ཀྱི་གཏམ་རྒྱུད་བཤད་རྒྱུར་ཧ་ཅང་དགའ་པོ་ཡོད་ལ། རང་གི་གྲི་རྩལ་དང་འུར་རྡོ་འཕེན་རྩལ་ལའང་སྤོབས་པ་ཆེན་པོ་མངའ།

ཐེངས་ཤིག་མཁྱེན་བརྩེ་བླ་བྲང་གི་ཚོང་ཟོང་འཁུར་བ་པོའི་ཁྱུ་ཞིག་ཚིན་དུའི་ (Chengdu) ལམ་བར་དུ་ཉག་རོང་གི་ཇག་པ་ཚོས་བཅོམ་པས། ཕན་ཚུན་གྱི་མི་གང་འཚམ་བསད་རེས་བྱས། ཚེ་དབང་དཔལ་འབྱོར་སེམས་མ་བཟོད་ནས་ཇག་པ་རྣམས་ཁྲིམས་ལ་གཏུགས། རྒྱ་ནག་གི་ཁྲིམས་ཁང་དེ་སི་ཁྲོན་ (Sichuan) གི་ནང་ཁུལ་ཁང་ཏིན་ (Kanding) (དར་རྩེ་མདོ) ལ་ཡོད། རྒྱ་ནག་གི་ཁྲིམས་ཞིབ་ཁང་ནས་བཅོམ་བརླག་སོང་བའི་ཅ་དངོས་རྣམས་ཀྱི་ཐོ་གཞུང་དགོས་པར་བཀའ་རྒྱ་གནང་བ་བཞིན་ཐོ་གཞུང་རྩིས་འབུལ་ཞུས། འོན་ཀྱང་བླ་བྲང་ནས་རྩིས་འབུལ་ཞུས་པའི་ཐོ་གཞུང་གི་ནང་དུ་ཉལ་ཐའི་གྲངས་འབོར་དུ་མ་ཞིག་འཁོད་ཡོད་སྟབས་གནས་ཚུལ་དེ་ཛ་དྲག་ཏུ་ཕྱིན་ཏེ་དཀའ་རྙོག་དེ་སེལ་ཕྱིར་ཚེ་དབང་དཔལ་འབྱོར་ཁང་ཏིན་དུ་དུས་ཡུན་རིང་པོར་སྡོད་དགོས་བྱུང་།

ཁང་ཏིན་ནི་ཏྲེ་ཧོར་དང་ཉེ་བའི་གཞུང་གི་ལྷན་ཁང་དང་ལས་བྱེད་སྡོད་གནས་ཀྱི་ལྟེ་གནས་དཀར་མཛེས་ཁུལ་དུ་ཆགས་ཡོད། ཚེ་དབང་དཔལ་འབྱོར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་འབྲེལ་བ་ཡོད་པ་དང་། ལྷག་པར་དུ་བླ་བྲང་གི་ཕྱག་མཛོད་ཀྱི་གོ་གནས་ཡོད་པ་དང་། མ་ཟད་གྲོང་སྡེ་དེའི་མི་སྣ་གྲགས་ཅན་ལྭ་དཀར་ཚང་དང་འགྲོགས་འདྲིས་བཟང་པོ་ཡོད་པས་ཏྲེ་ཧོར་དུ་མཐོང་ཆེན་པོ་བྱས། གནས་དེ་ཉིད་ཚེ་དབང་དཔལ་འབྱོར་རང་གི་ཆུང་མ་ཚེ་ལུ་ (ཚེ་རིང་དབང་མོ) སྟེ་མཛེས་པའི་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ་ཅིང་དགའ་རོགས་ཀྱང་དུ་མ་ལྡན་པ་ཁོ་མོ་དང་འཕྲད་སའི་ས་ཆ་དེ་རེད། ཁོ་མོ་བསོད་རྒྱལ་རིན་པོ་ཆེའི་མ་ཡུམ་རེད། འབྲེལ་མཐུད་འདིས་༸སྐྱབས་རྗེ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཚེ་ལུའི་སྲིང་མོ་མཁའ་འགྲོ་ཚེ་རིང་ཆོས་སྒྲོན་དང་གཉེན་སྒྲིག་གནང་བའི་རྒྱུ་རྐྱེན་བྱས། གནས་སྟངས་དེའི་སྟེང་ནས་ཚེ་དབང་དཔལ་འབྱོར་གྱིས་རང་གི་ནང་མི་དང་རིན་པོ་ཆེའི་བར་འབྲེལ་བ་གཏིང་ཟབ་ཏུ་བཏང་།

ཚེ་དབང་དཔལ་འབྱོར། མཁའ་འགྲོ་ཚེ་རིང་ཆོས་སྒྲོན། མ་ཡུམ་ཚེ་ལུ་བཅས། རྫོགས་ཆེན་རིན་པོ་ཆེ་དང་ལྷན་དུ།

ཉམས་ལེན་པ་དུ་མ་གཙོས་པའི་མི་ཚོགས་མང་པོ་ཞིག་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་སེམས་གཏིང་ནས་ཆོས་དད་ཆེན་པོ་བྱས་པར་བརྟེན་ཚེ་དབང་དཔལ་འབྱོར་ལ་འཚེར་སྣང་བྱས། དེ་ཙམ་མ་ཟད་ཁ་ཤས་ཁོང་ལ་སྐྲག་སྣང་ཡང་བྱས། ཁོང་གིས་རང་གི་གོ་གནས་ཀྱི་ནུས་པ་ངོམ་པ་ལ་འཛེམ་བག་གང་ཡང་མི་བྱས་པ་མ་ཟད། ངས་གོ་ཐོས་ལ་ཚེ་དབང་དཔལ་འབྱོར་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་སར་བཅར་བ་ན། རིན་པོ་ཆེ་ཁོང་གི་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་ཡོད་པའི་གཡོ་བ་མེད་པའི་མོས་གུས་རྒྱུ་མཚན་དུ་བྱས་ནས་ཕྱག་མཛོད་ཚེ་དབང་དཔལ་འབྱོར་སླེབས་དུས་རིན་པོ་ཆེ་ཁོང་སྟན་ལས་བཞེངས་ཏེ་བཀུར་སྟི་ཆེས་ཆེར་མཛད་སྐོར་ཡང་ཐོས། དེ་བཞིན་དུ་ཕྱག་མཛོད་ཁོང་གིས་གནས་བརྟན་མཆོག་གླིང་རིན་པོ་ཆེ་ལའང་བཀའ་བཀྱོན་བཏང་བའི་སྒྲུང་གཏམ་མང་པོ་གོ་རྒྱུ་ཡོད།

༧སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག སྒང་ཏོག་ཏུ་ཕྱི་ལོ་ ༡༩༥༩ ལོར།

ཕྱི་ལོ་ ༡༩༥༩ ལོའི་རྗེས་སུ་བོད་པ་ཚོར་བྱུང་བའི་འགྱུར་ལྡོག་ཆེ་ཤོས་ནི། དུས་རབས་གསར་པ་འདིར་རྒྱས་སྤྲོས་ལྡན་པའི་དགོན་པ། སློབ་ཆེན། དཔེ་མཛོད། དེ་བཞིན་བླ་བྲང་རྣམས་ཐལ་བར་བརླགས་པ་དེ་རེད། མཁྱེན་བརྩེ་བླ་བྲང་ལྟ་བུའི་བླ་བྲང་ཆུང་ཆུང་དག་ཀྱང་གཏོར་བརླག་ཏུ་བཏང་། རྟ་ཚོགས་དང། ནས་ཀྱི་སྒྱེད་སྣོད། གཡག གཡོག་པོ་རྣམས་མེད་པ་མ་ཟད། གཏེར་མཛོད་རྣམས་རྐུས་པའམ་ཞིག་གཏོར་བྱས། ཚེ་དབང་དཔལ་འབྱོར་གྱིས་མཁྱེན་བརྩེ་བླ་བྲང་སི་ཀིམ་གྱི་རྒྱལ་ཁང་གི་དགོན་པར་ཡོད་པའི་གཙུག་ལག་ཁང་དུ་སྤོ་རྒྱུར་རོགས་པ་བྱས། ཁོང་རྣམས་ལ་གནས་དེར་དཀའ་ངལ་མང་པོ་ཕྲད་ཡོད་ངེས། ལོ་ཤས་རྗེས་༧སྐྱབས་རྗེ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དགོངས་པ་ཆོས་དབྱིངས་སུ་ཐིམ་ན་ཡང་། ཕྱག་མཛོད་ཚེ་དབང་དཔལ་འབྱོར་བླ་བྲང་གི་གཙོ་སྐྱོང་བར་མུ་མཐུད་ནས་གནས།

ལོ་འགའ་ཤས་རྗེས་༧སྐྱབས་རྗེ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་གུས་པ་༧སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་དུ་ངོས་འཛིན་གནང་། འབྲུག་ཤར་ཕྱོགས་ཁུལ་གྱི་ཡོང་ལ་རུ་ངའི་ཕ་མ་དང་ལྷན་དུ་སྐད་ཆ་བཤད་སར་འོངས་བའི་མི་དེ་ནི་ཚེ་དབང་དཔལ་འབྱོར་ [འདི་སྐོར་ལེའུ་དང་པོར་གཟིགས་རོགས] ཁོང་རེད། ཕྱིས་སུ་ཚེ་དབང་དཔལ་འབྱོར་ཉིད་ཀྱིས་གཙུག་ལག་ཁང་དུ་ངའི་ཁྲི་སྟོན་མཛད་སྒོ་ཡང་གྲ་སྒྲིག་བྱས།

ཁྲི་སྟོན་མཛད་སྒོའི་ཉིན་གཅིག་གོང་གི་དགོང་མོར་གསལ་བསྒྲགས་ཤིག་གིས་མཁྱེན་བརྩེ་བླ་བྲང་ཡོངས་རྫོགས་གཡོ་འགུལ་ཐེབས་སུ་བཅུག དེ་ནི་ཕྱག་མཛོད་ཚེ་དབང་དཔལ་འབྱོར་ཕྱག་མཛོད་ལས་དགོངས་པ་ཞུས་པའི་གནས་ཚུལ་དེ་རེད། ཁོང་ཕྱག་མཛོད་ལས་དགོངས་པ་ཞུས་པ་དེ་ནི་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་སློབ་མ་ཡོངས་ལ་ཅི་འདྲའི་ཧོན་འཐོར་བའི་གནས་ཚུལ་ཞིག་ཡིན་པ་ལོ་གཅིག་གི་རྗེས་སུ་ཁོ་ནར་ཤེས་བྱུང་། ལམ་ལུགས་ཀྱི་འཕོ་འགྱུར་གྱི་ཤུགས་རྐྱེན་དེ་དུས་དེའི་བར་ཡང་མངོན་གསལ་དོད་པར་ཚོར་ཐུབ། དེ་ཡང་ལས་བྱེད་རྣམས་ད་དུང་རང་གི་ལས་འགན་དང་དབང་ཚད་གང་ཡིན་གསལ་པོ་མ་ཆགས་པར་འཕོ་འགྱུར་བྱེད་བཞིན་པའི་སྒང་ཡིན་པས། ཕྱོགས་གང་ཐད་ནས་ཞི་བདེ་ལྷིང་འཇགས་དང་བརྟན་བརླིང་ཆགས་མེད། སྐྱབས་བཅོལ་བ་ཚོ་ད་དུང་བོད་ནས་བྱོལ་བཞིན་པ་ཡིན། མི་མང་ཚོས་ཁོང་གིས་དུས་མ་ཡིན་པར་མཁྱེན་བརྩེ་བླ་བྲང་བསྐྱུར་ནས་ཕྱིན་སོང་བསམ་རྒྱུ་ཉག་གཅིག་རེད།

ཚེ་དབང་དཔལ་འབྱོར་གྱིས་ཕྱག་མཛོད་ཀྱི་འོས་འགན་བཞེས་བཞིན་པའི་ཉིན་མཐའ་མ་དེ་ངས་གསལ་པོ་ཞེ་དྲགས་དྲན། གུས་པ་འདུ་འཛོམས་ཆེན་པོ་ཞིག་གི་ཆེད་དུ་མགྲོན་དུ་འབོད་ནས་༧སྐྱབས་རྗེ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་སྐུ་གདུང་མཆོད་རྟེན་འགྲམ་དུ་མཁའ་འགྲོ་ཚེ་རིང་ཆོས་སྒྲོན་གྱི་ཉེ་སར་བསྡད་ཡོད། ཚེ་དབང་དཔལ་འབྱོར་ཧོ་ཆོ་ཚང་ཨ་འཇམ་དང་། ཕུ་མ་རི་རྣམ། བླ་མ་མཆོག་ལྡན་སོགས་༧སྐྱབས་རྗེ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་སློབ་མ་ཁག་ཅིག་དང་ལྷན་དུ་འདུག མཁའ་འགྲོ་ཚེ་རིང་ཆོས་སྒྲོན་གྱི་སྤྱན་ཟུང་ནས་བསྟུད་མར་བཞུར་བའི་སྤྱན་ཆབ་དེ་ངས་ནམ་ཡང་བརྗེད་མི་སྲིད། ང་བྱིས་པ་ཆུང་ཆུང་ཞིག་ལས་མིན་པས་གནས་ཚུལ་ཡོངས་རྫོགས་ཤེས་ཐབས་བྲལ་ཡང་། གནས་སྟངས་དེ་ཛ་དྲག་པོ་ཞིག་ཡིན་པ་ཚོར་བྱུང་། གུས་པས་རྗེས་སུ་དཔགས་ན། མཁའ་འགྲོ་ཚེ་རིང་ཆོས་སྒྲོན་དེ་ལྟར་ཐུགས་ཕམ་པའི་རྒྱུ་མཚན་གཙོ་བོ་ནི། ཤིན་ཏུ་མི་འཚམ་པའི་དུས་ཚོད་དེ་ལྟ་བུ་ལ་རང་གི་གཅེན་མོའི་བཟའ་ཟླ་ཚེ་དབང་དཔལ་འབྱོར་བླ་བྲང་དང་ཁ་བྲལ་ནས་ཕྱིན་པ་དེ་ཡིན་ནམ་སྙམ།

ཧོ་ཆོ་ཚང་ཨ་འཇམ། མཁའ་འགྲོ་ཚེ་རིང་ཆོས་སྒྲོན། ཕུ་མ་རིན་རྣམ། བླ་མ་མཆོག་ལྡན།

ང་ཚོའི་ཉེ་འགྲམ་གྱི་ཅོག་ཙེ་ཞིག་གི་སྟེང་དུ་སྟག་ལྤགས་དང་། རྔ་སོགས་རིན་ཐང་ཅན་གྱི་ཅ་དངོས་འགའ་ཤས་བཤམས་འདུག ཁོང་གིས་བླ་བྲང་གི་དཔལ་ཡོན་རིན་ཐང་ཅན་ཡོངས་རྫོགས་དེར་ཡོད་པར་གསལ་བཤད་བྱས།  བདག་གིས་གསལ་པོ་མི་དྲན་ཡང་ཁ་ཅིག་གིས། ཁོང་དེ་དུས་ཅུང་ར་བཟི་ནས་སླེབས་ཏེ་ཉིད་ཀྱིས་མཁྱེན་བརྩེ་ཚང་ལ་ཞབས་ཞུ་ཇི་ལྟར་བསྒྲུབས་ཀྱང་སུས་ཀྱང་གཟེངས་བསྟོད་དང་བསྔགས་བརྗོད་མེད་པའི་ཁར་འདོད་བློ་མི་ཁེངས་པའི་རྣམ་འགྱུར་སྟོན་ཚུལ་སོགས་བཤད་ནས་ཁྲོ་བའི་རྣམ་པ་དང་བཅས་འཁང་ར་ཤུགས་ཆེར་བྱས་པར་གྲགས། དེ་ནས་ཁོང་གིས་སྐུ་གདུང་མཆོད་རྟེན་གྱི་མདུན་དུ་པུས་མོ་བཙུགས་ནས་ཕྱག་མཛོད་ཀྱི་ལས་འགན་དོར་བར་དམ་བཅས། དེ་ནི་ཛ་དྲག་པའི་གནས་སྟངས་ཤིག་ཡིན།

༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཡང་ཁྲི་སྟོན་མཛད་སྒོ་དེར་ཕེབས་ཡོད་པས། ཉིན་རྗེས་མར་གནས་ཚུལ་དེ་དག་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལ་ཞུས་འདུག ལོ་མང་པོའི་རྗེས་ཁོ་ནར་བདག་གིས་གང་ཐོས་ཤེ་ན། ཚོགས་འདུའི་སྐབས་དེར་ཚོགས་མི་འགའ་ཤས་ཀྱིས་ཚེ་དབང་དཔལ་འབྱོར་གྱིས་བླ་བྲང་གི་གཏེར་མཛོད་ཀྱི་རྒྱུ་ནོར་ཆ་ཚང་བ་རྩིས་སྤྲོད་བྱས་མེད་རབས་བཤད་ཡོད་སྐད། དེའི་ལན་དུ་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས། ༧སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་ཡང་སྲིད་ལ་གུ་རུ་རིན་པོ་ཆེའི་སྐུ་འདྲ་གུ་རུའི་སྐུ་ཚབ་དེ་དབང་ན་དེ་ག་རང་གི་ཆོག། གསེར་དངུལ་སོགས་རྒྱུ་ནོར་གཞན་ཐམས་ཅད་མེ་ཐལ་དང་འདྲ་བར་བེད་སྤྱོད་མེད་ཅེས་གསུངས་པར་གྲགས།

ད་ནི་དུས་ཚོད་འཕོ་འགྱུར་ཐེབས་ཚར་ཡོད། ཕྱག་མཛོད་དང་གསོལ་དཔོན་རིང་ལུགས་འདི་ཡུན་རིང་པོར་གནས་རྒྱུ་ཡིན་པ་ངས་མཐོང་གི་མི་འདུག ཁ་ཅིག་ད་དུང་ལམ་ལུགས་འདི་ལ་ཆགས་ཤིང་ཞེན་ཀྱང་། ཡུན་རིང་མི་འགོར་བར་མི་འདོད་བཞིན་དུ་འགྱུར་ལྡོག་འཐེབ་ངེས་རེད། གལ་ཏེ་ལམ་ལུགས་འདི་ལ་ཐབས་ལ་མཁས་པའི་འཛིན་སྐྱོང་དང། རྒྱུ་མཚན་རང་བཞིན་ལྡན་པའི་འགན་ཁུར། དེ་བཞིན་ཕྱི་གསལ་ནང་གསལ་གྱི་འགྲོ་ལུགས་ཤིག་ཡོད་ན་མ་གཏོགས་དེང་རབས་ཀྱི་སྤྱི་ཚོགས་ནང་ངོས་ལེན་མི་བྱེད་པས། རྒྱུན་དུ་ལམ་ལུགས་འདི་ལ་ནི་ཁྱད་ཆོས་དེ་འདྲ་དཀའ་བར་གནས། དེས་ན་ཅི་སྟེ་བླ་མ་ཞིག་ལ་སྤྱི་ཚོགས་ཀྱི་ངོས་ལེན་དང་གུས་བཀུར་ཐོབ་དགོས་ན། ཁོང་ཚོར་ཐབས་ལ་མཁས་པའི་འཛིན་སྐྱོང་དང་། རྒྱུ་མཚན་རང་བཞིན་ལྡན་པའི་འགན་ཁུར་གྱི་ལག་བསྟར། དེ་བཞིན་ཕྱི་གསལ་ནང་གསལ་གྱི་ལམ་ལུགས་ཤིག་དགོས་ངེས་རེད།།

ཚེ་དབང་དཔལ་འབྱོར་གྱི་སྐུ་ཚེ་སྨད།